R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༢ན
[A:༢༧༢ན]དང་ཉེ་བ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཚུགས་པར་བརྩམས་པ་ན། དེ་ཉིད་ཀྱི་གར་འཆམས། བྲིས་ཐིག་དབྱངས་རོལ་སོགས་གདུང་སྲས་སྐུ་མཆེད་གཉིས་ཀྱིས་ཐོག་དྲངས་འདུས་པའི་ཚོགས་རྣམས་ལ་སྔར་ལས་ཀྱང་ཞིབ་ཅིང་མཐའ་ཆོད་པར་སྩལ་ནས། འདས་མ་འོངས་ཀྱི་བསླབ་བྱ་ལུང་བསྟན་མཐའ་ཡས་པ་ཞིག་མཛད་ཅིང་། ལོ་དེའི་ཕུར་པ་སྒྲུབ་མཆོད་ཀྱིས་འདུལ་གྱི་གར་འཆམས་ཀྱི་རོལ་དཔོན་ལ་ཡང་ཕེབས་ཏེ། དེ་དུས་འཁོན་རོག་གི་ཐུགས་དམ་མའི་རྡོ་རྗེ་ཕུར་པའི་སྐུ་བརྙན་ནང་དུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུ་མི་ཚད་ཙམ་ཞིག་ཀྱང་གསར་དུ་བཞེངས་ནས་སྔགས་འཆང་ཉིད་ཀྱིས་ཕྱག་ནས་དང་བཀྲ་ཤིས་མངའ་གསོལ་རྒྱས་པར་མཛད་དེ་མ་འོངས་པའི་གདུལ་བྱ་རྣམས་འཕྲིན་ལས་གོང་འཕེལ་དུ་འགྱུར་བའི་རྟེན་འབྲེལ་ཐམས་ཅད་སྒྲིག་པར་མཛད་པ་ཡིན་ནོ་ཞེས་ཐོས་ལ། དེ་སྐབས་ནས་གཞན་ངོར་གསོལ་དྭངས་ཞན་པའི་རྐྱེན་གྱིས་སྐུ་ཤེད་ཇེ་ཆུང་ཇེ་ཆུང་ལ་སོང་བའི་ཚུལ་བསྟན་པ་ན། བདག་ཉིད་ཆེན་པོ་དཔོན་སློབ་ཉུང་ཤས་ཤིག་གིས་ལྷུན་གྲུབ་ཕོ་བྲང་དུ་སྐུ་མཚམས་ཧ་ཅང་དམ་པ་མ་ཡིན་པ་ཞིག་མཛད་ནས་བཞུགས་པའི་ཚེ། ཞབས་འབྲིང་པ་རྣམས་ཀྱིས་དེང་སང་མཚན་ལྟས་ལ་སོགས་པ་ཇི་ལྟར་བྱུང་། སྐུ་ཤེད་ཇི་ཆུང་དུ་འགྲོ་བ་འདི་ལ་བློ་བདེ་བ་ཞིག་གཏན་ནས་མི་འདུག་པས། ལོ་འདི་ལ་སྐུ་དོག་བཞིན་ནི་མེད་ལགས་སམ་ཞེས་ཞུས་པ་ན། རྗེ་ཉིད་ཀྱི་གསུང་ལས། དེང་སང་རྨིས་ལྟས་ལ་སོགས་པ་གང་ཡང་མ་བྱུང་། ཁ་སིང་ལམ་འབྲས་བཤད་པའི་སྐབས་སྔ་དྲོ་ཁྲི་སྟེང་དུ་ལམ་དུས་ལེན་གྱིས་བསྡད་པའི་ཚེ། ནམ་མཁའ་ནས་དར་སྣ་ལྔ་རིང་