R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༡ན
[A:༢༧༡ན]སོགས། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཕྱོགས་དེ་ཉིད་ན་གནས་པའི་སྐྱེ་དགུ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་ནས། དེ་ནས་རིམ་གྱིས་གདན་ས་ཆེན་པོར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཞོང་ངར་ཕེབས་པའི་ཚེ། དེར་ཡབ་སྲས་རྣམས་གསོལ་ཇ་ཞིག་མཆོད་པའི་བར་ལ་སྔགས་འཆང་ཉིད་ཀྱི་གསུང་ལས། ཞོ་ངའི་རི་འདི་ཐམས་ཅད་རྨུགས་པ་འབའ་ཞིག་གིས་གང་ནས་འདུག་པ་ཁྱེད་ཁྲི་ཐོག་པ་སྐུ་མཆེད་ཀྱིས་མཐོང་གི་ཨེ་འདུག་གསུང་བ་ལ། འཇམ་པའི་དབྱངས་སྐུ་མཆེད་ཀྱིས་བདག་རྣམས་ཀྱིས་དེ་བཞིན་མི་ཤེས་པ་འདུག་ལགས་ཞེས་ཞུས་པ་ན། ཅི་ཟེར་གསུངས་ནས་ཅུང་ཟད་བཞུགས་པའི་མཐར་དབུ་གུག་པ་ཅིག་མཛད་ནས་གོ་བྱུང་ད་ཡོང་བ་འདུག་ཅེས་གསུང་བར་གྲགས་ཏེ། འདི་ནི་མུས་ཆེན་སེམས་དཔའ་ཆེན་པོ་ཞི་བར་གཤེགས་པའི་གོང་ཙམ་དུ་སྐྱེམས་དད་ཤིན་ཏུ་ཆེ་བས་གསོལ་ཇ་མང་དུ་མཆོད་དགོས་པ་བྱུང་བ་ལ་རྒྱུ་མཚན་ཞུས་པས། ང་ལ་ཁ་རིན་དབྱར་ཆོས་འཆད་དུས་གླིང་དགའི་རི་སོགས་ཐམས་ཅད་རྨུགས་པའི་རང་བཞིན་དུ་འཆར་བ་གཅིག་བྱུང་བ་དེ་ས་ཆུ་ལ་ཐིམ་པའི་རྟགས་སུ་འདུག དོ་ཞག་སྐོམ་དད་ཤིན་ཏུ་ཆེ་བ་འདི་ཆུ་མེ་ལ་ཐིམ་པའི་རྟགས་ཡིན། རྣལ་འབྱོར་པ་ལམ་བསྒོམས་པའི་སྟོབས་ཀྱིས་གཞི་དུས་ཀྱི་རྟགས་རྣམས་ལམ་རྟགས་སུ་ཤར་བ་ཡིན་ནོ་ཞེས་གསུངས་པ་དང་ཚུལ་མཚུངས་པར་སྣང་བས་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་ཡིན་ནོ། །དེ་ནས་གདན་ས་ཆེན་པོར་ཕེབས་ཏེ་དེའི་ནང་པར་ནས། བདག་ཉིད་ཆེན་པོ་འདིས་སྔར་ནས་མི་མཛད་པའི་གདན་ས་ཆེན་པོའི་གཙུག་ལག་ཁང་སོ་སོ་དང་། མགོན་ཁང་རྣམས་སུ་ཉིན་རེ་བཞིན་