R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༨བ
[A:༢༦༨བ]དེ་མ་ཐག་དཔལ་ལྡན་ས་སྐྱའི་སྡེ་ཆེན་པོ་གཙུག་ལག་ཁང་དང་བཅས་པ་ཐུགས་ཡུལ་དུ་ཁྲ་ལམ་སྟེ་ཤར་ཞིང་། གདུང་བརྒྱུད་འཇམ་པའི་དབྱངས་སྐུ་མཆེད་ཀྱང་སྐུ་ན་ཕྲ་བར་དགོངས་ནས། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་དགོངས་པ་གཏད་དེ། དེ་འཕྲལ་དུ་གུ་རུ་དྲག་པོའི་ཉམས་བཞེས་ཤར་མ་ཞིག་གནང་བ་ན། སློབ་དཔོན་ཆེན་པོའི་སྐུ་དེ་སྔར་ལས་གསལ་བར་གྱུར་པའི་མོད་ལ་གདམས་པ་ཟབ་མོ་དང་ལུང་བསྟན་རབ་ཏུ་མང་པོ་གནང་ཞིང་། ལྷག་པར་ད་དུང་ལོ་དུ་མའི་བར་དུ་བསྟན་འགྲོའི་དོན་དཔག་ཏུ་མེད་པ་འགྲུབ་པ་འདུག་ཅིང་། དེ་ནས་དག་པའི་ཞིང་བདེ་བ་ཅན་ཟངས་མདོག་དཔལ་གྱི་རིར་པདྨ་ངའི་དྲུང་དུ་བྱོན་གསུང་བ་སྙམ་བྱེད་པའི་ཚེ། སློབ་དཔོན་ཉིད་ཀྱང་འོད་སྔོན་པོ་ཞིག་ཏུ་ཞུ་ནས་སྔགས་འཆང་ཉིད་ཀྱི་སྐུ་ལ་ཐིམ་པའི་ཐུགས་ཉམས་ཤིན་ཏུ་གསལ་བ་བྱུང་བའི་མོད་ལ་རྟོག་པ་དང་མི་རྟོག་པ་ཐམས་ཅད་ལས་འདས་ཏེ། བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་མངའ་བ་བཞིན། སྔགས་འཆང་ཉིད་ཀྱི་ཐུགས་རྒྱུད་ལ་འཁྲུངས་པར་གྱུར་ནས་རེ་ཞིག་དེའི་ངང་ལ་འབྱམས་ཏེ། དེ་ལས་སད་པ་ན་ཉི་མ་ཡང་ཕྱི་མོར་སོང་འདུག་པས་མྱུར་དུ་བཞེངས་ནས། དེའི་ཉེ་སྐོར་ན་འབབ་ཆུ་ཞིག་ཡོད་པར་ཕེབས་ཏེ། དཔོན་སློབ་ཐམས་ཅད་ཀྱིས་སྐུ་ཁྲུས་མཛད་པའི་ཚེ། དེའི་བྲག་ཞིག་ལ་སྔགས་འཆང་ཉིད་ཀྱི་ཕྱག་ཞབས་ཀྱི་རྗེས་བྱུང་བ་ད་ལྟ་ཡང་དད་པ་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་པར་ཀུན་ལ་གྲགས་པ་ཡིན་ལ། མདོར་ན་སྔགས་འཆང་བླ་མ་འདི་ཉིད་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་གསན་པ་རྣམས་ལ་བསམས་ན་སྐུ་ཚེ་ཧྲིལ་པོར་ཡོངས་འཛིན་དམ་