R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༨ན
[A:༢༦༨ན]དང་། དེའི་སྟེང་ན་སློབ་དཔོན་པདྨ་འབྱུང་གནས་གཙོ་འཁོར་གསུམ་དང་། རྩ་བརྒྱུད་ཀྱི་བླ་མ་གྲུབ་ཐོབ་རིགས་འཛིན་མང་པོ་ཁྲོམ་ཚོགས་སུ་བཞུགས་པའི་མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་མང་པོས་བསྐོར་བ་དང་། མཁའ་འགྲོ་སྡེ་ལྔ་གར་སྟབས་ཤིག་ཤིག་འདུག་པ་ཤིན་ཏུ་གསལ་བར་གཟིགས་ནས། དེའི་ཚེ་སྔགས་འཆང་ཉིད་ཀྱིས་སྟག་ཚང་གི་ཕུག་པའི་གཡས་འཁྲིས་ན་ནེའུ་གསིང་འཁྱིལ་པ་ཞིག་ཡོད་པ་དེར་བཞུགས་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཐུགས་ཉམས་སུ་བཞེས་པས། སྔར་གྱི་གཟིགས་སྣང་ལ་ཤར་བའི་བླ་མ་ཡི་དམ་རྣམས་ཀྱི་སྐུ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཉི་མ་བྱེ་བའི་གཟི་འོད་ཙམ་དང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྡུལ་འཁྲིགས་པ་ལྟ་བུ་བྱུང་ནས་སྔགས་འཆང་ཉིད་ཀྱི་སྐུ་ལ་ཐིམ་པར་གྱུར་ཏེ། སྐད་ཅིག་དེ་ཉིད་ལ་ཐུགས་ལ་ཐ་མལ་གྱི་རྣམ་རྟོག་གི་ཆ་ཤས་ཅུང་ཟད་ཡོད་པ་ཐམས་ཅད་ཁྲིག་འགགས་ནས། སྣང་སྲིད་ཐམས་ཅད་ལྷག་པ་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་ཁྲ་ལམ་སྟེ་ཤར་ནས་དེ་ལ་ཐུགས་ཟིན་ཏེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་ལྷན་གྱིས་གནས་བྱུང་བ་དང་། དེ་མ་ཐག་དཔའ་བོ་མཁའ་འགྲོ་རིགས་འཛིན་གྲུབ་ཐོབ་ཀྱི་ལྷ་ཚོགས་ཐམས་ཅད་འོད་སྔོན་པོ་ཞིག་ཏུ་གྱུར་ནས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཐིམ་ཞིང་། སློབ་དཔོན་ཡང་འོད་དུ་ཞུ་ལ་ཁད་འདུག་པ་ལ་གཟིགས་པས། སྔགས་འཆང་ཉིད་ཀྱི་ཐུགས་དགོངས་ལ། ད་ནི་ཚེ་ཚད་ཀྱང་ཉེ་བར་རྫོགས་འགྲོ་བར་འདུག་པས་འཇའ་འོད་དེའི་སྟེང་ན་ཕར་ཕྱིན་ནས་སློབ་དཔོན་གྱི་ཕྱི་ལ་འབྲངས་ན་དགའ་བ་འདུག་སྙམ་པ་ཐུགས་ལ་ཤར་བའི་ཚེ། ཡང་