R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༧ན
[A:༢༦༧ན]འབྱུང་གནས་ཀྱི་སྒྲུབ་གནས་དཔལ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་ཏུ་ལྷ་དང་བླ་མའི་ཞལ་མངོན་དུ་གྱུར་ཏེ། གདམས་པ་དང་ལུང་བསྟན་ཁྱད་པར་ཅན་དངོས་སུ་ནོད་པའི་དུས་ལ་བབས་པར་དགོངས་ཏེ། ལྷོ་རོང་ཕྱོགས་སུ་ཕེབས་པར་བརྩམས་ཏེ་དེར་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ན། དཔལ་འགྲོའི་གཞི་བདག་ལྷ་ཆེན་བྲག་སྐྱེད་དང་། ཧས་ཀྱི་ཁྱུང་འདུས་སོགས་ལྷོ་ཁ་བཞིའི་གཞི་བདག་སོགས་སྔགས་འཆང་ཉིད་ཀྱི་ཞབས་དྲུང་དུ་བྱུང་ནས། ལྷོ་རོང་གི་ལུང་པ་ཐམས་ཅད་ཞབས་ཀྱིས་འཆག་པ་མཛད་དགོས་ཤིང་། ལ་ཆུ་འཕྲང་སོགས་ཀྱི་འཕྲིན་ལས་ངེད་རང་གཞི་བདག་རྣམས་ཀྱིས་བསྒྲུབ་པ་ཡིན་ནོ་ཞེས་ཞུས་པ་དང་། སྔགས་འཆང་ཉིད་ཀྱིས་ཀྱང་དུས་དེར་གཏོར་མ་རྒྱ་ཆེན་པོ་གནང་ཞིང་། བསང་དཔེ་ཆེན་མོར་ཡང་། དཔལ་གྲོའི་ལྷ་ཆེན་བྲག་སྐྱེད་དང་། །ཧས་ཀྱི་ཁྱུང་འདུས་ལ་སོགས་པའི། །ལྷོ་རོང་ལུང་པའི་གཞི་བདག་བསང་། །ཞེས་པ་འདི་ཡང་དེའི་དུས་སུ་འཇུག་པར་མཛད་པ་ཡིན་ནོ་ཞེས་ཐོས་ལ། དེ་ནས་བདག་ཉིད་ཆེན་པོས་དཔལ་གྲོའི་སྒྲུབ་གནས་དམ་པ་དེར་ཕེབས་པར་དགོངས་པ་ནས། ནགས་ཀྱི་འཕྲང་དོག་པ་ལ་བརྟེན་ཆིབས་པའི་བགྲོད་མ་བདེ་བ་ལ་དགོངས་ནས། ལོང་ར་དབོན་པོ་སོགས་ལྷོ་པ་གཞོན་པ་མང་པོས་རྒྱབ་ཏུ་སྔགས་འཆང་ཉིད་གདན་དྲངས་ཏེ། སྟག་ཚང་གི་འཕྲང་ཟིན་པར་ཕེབས་པའི་ཚེ། དེའི་བར་ལམ་ཞིག་ཏུ་སྐྱེ་མཐིང་ཤྭ་ན་མ་སོགས་གཞི་བདག་འགའ་ཞིག་གི་ཆོ་འཕྲུལ་གྱིས་སེམས་ཅན་མ་རུངས་པ་ཞིག་གིས་ལམ་བསྒགས་བྱུང་བ་ལ་སྔགས་འཆང་ཉིད་ཀྱིས་ངེད་རང་རང་གནས་སུ་འགྲོ་བ་ལ་ཁྱོད་ལ་ཁྱད་ཅི་ཡོད་ཕར་སོང་གསུང་པ་