R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༧བ
[A:༢༦༧བ]སོགས་ཀྱི་སྒོ་ནས་བཀའ་བསྒོ་མཛད་པས། སེམས་ཅན་གྱི་གཟུགས་དེ་དངོས་མེད་ལ་ཡལ་སོང་བ་དེར་ཡོད་ཀུན་གྱིས་མཐོང་ཞིང་། དེ་ནས་དཔལ་གྲོའི་ལམ་འཕྲང་ལ་ཕེབས་པས། གནས་དེ་ན་བྲག་རི་གཞན་ལས་ངམ་ཆེ་བ་རི་གཞན་ལས་ཐོག་སོ་དགུ་ཙམ་གྱིས་མཐོ་བ་ཞིག་ཡོད་པ་དེའི་མགོར། སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཤེལ་ཕྲེང་བརྒྱ་རྩ་གཏོར་བའི་ཆུ་མིག་བརྒྱ་རྩ་ཡོད་པའི་ཆུ་དེ་ཐམས་ཅད་བྲག་དེའི་མདུན་ལ་དར་དཀར་གྱི་ཡོལ་བ་བཀྲམ་པ་ལྟར་ངོ་མཚར་ཆེ་བར་འབབ་པ་ཞིག་ཡོད་པའི་བྲག་ལ་ཆུ་འཐབ་དེའི་དཀྱིལ་དུ་གློ་བུར་ཉིད་དུ་འཇའ་ཚོན་སྣ་ལྔའི་འོད་ཟེར་སུམ་སྦྲག་ཅིག་བྱུང་ནས། དེའི་དབུས་ནས་འཇའ་ཁ་དོག་སྔོན་པོ་ཞིག་རྒྱང་གིས་བྱུང་བ་སྔགས་འཆང་ཉིད་ཀྱི་སྐུ་ལ་ཟུག་ཅིང་། ཞབས་དྲུང་ན་གནས་པའི་སྐུ་འཁོར་ཀུན་ལ་ཡང་འཇའ་དེའི་འོད་ཀྱིས་ཁྱབ་པ་ལ་བརྟེན། མིའི་མདོག་དང་གོས་བཟན་སོགས་ཀྱང་སྔོན་པོ་འབའ་ཞིག་ཏུ་གྱུར་པ་དེར་ཡོད་ཀྱི་སྐྱེ་བོ་ཀུན་གྱིས་མཐོང་བ་བྱུང་ཞིང་། དེའི་ཚེ་འཕྲང་དེའི་གཡས་གཡོན་གྱི་ལྗོན་ཤིང་གི་ཚོགས་ལ་བརྟེན་པའི་སྤྲ་དང་སྤྲེའུ་ལག་ན་ཤིང་གི་ཡལ་ག་ཐོགས་པ་མང་པོས། མི་ལ་མི་འཛེམ་པར་གྲལ་བསྒྲིགས་ཏེ་ལངས་ནས་སྔགས་འཆང་ཉིད་ལ་བསུ་བའི་ཚུལ་དུ་འདུག་པ་ནི། དེ་དུས་ཞབས་དྲུང་ན་འདུག་པ་ཀུན་གྱིས་མཐོང་བར་གྲགས་ལ། དེའི་ཚེ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་སྔར་གྱི་བྲག་ལ་ཆུ་འཐབ་ནས་བྱུང་བའི་འཇའ་འོད་རྣམས་ཇེ་གསལ་ཇེ་གསལ་དུ་སོང་བྱུང་བ་ལ་གཟིགས་པས། དེའི་དབུས་འོད་དཀར་པོ་ཞིག་གི་ཁྲོད་ན་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་