R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༣ན
[A:༢༦༣ན]ཡོང་བས། ཆེ་བ་གཉིས་ལ་གཏད་ཆེར་མེད། ཆུང་བ་དེ་ལ་གཏད་ནས་ཕྱིན་པས་འཁྲུལ་པ་གཏན་ནས་འོང་བ་མེད་དོ་གསུང་བ་ལ། འཇམ་དབྱངས་དབང་པོའི་མཚན་ཅན་དཔོན་སློབ་རྣམས་ཀྱིས། ས་ནི་སྲོས། མུན་འཐིབས་པས་རྐང་རྗེས་རང་ཡོད་ཀྱང་ཨེ་མཐོང་ན་སྙམ་པའི་ཐུགས་ཐེ་ཚོམ་ཅུང་ཟད་ཀྱི་ངང་ནས་ཕེབས་པས། རྒྱང་པ་ཞིག་ནས་ས་སྲོས་ཏེ་ལམ་ནོར་སོགས་བྱུང་བ་ན། དཔོན་སློབ་རྣམས་ཀྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་དྲན་ནས་གསོལ་འདེབས་མཛད་པས། འཇམ་དབྱངས་དབང་པོའི་མཚན་ཅན་གྱིས་གསལ་པོ་རང་མིན་པའི་རྐང་རྗེས་གསུམ་གཟིགས་ནས། གསོལ་བ་དྲག་ཏུ་བཏབ་པས་རྐང་རྗེས་གསུམ་གྱི་ཆུང་བ་དེ་ཤིན་ཏུ་གསལ་བར་བྱུང་ནས། དེའི་རྗེས་བརྩད་ནས་དཔོན་སློབ་རྣམས་ཀྱིས་ཕེབས་པའི་ཚེ་ལམ་ནོར་འཁྲུལ་སོགས་གཏན་མ་བྱུང་བར་བདེ་བར་ཕེབས་པ་ན། དེ་ནས་མཆོད་གཡོག་པ་ཞིག་གི་མཐོང་སྣང་ལ། རྡོ་མཆོད་ཐང་ཁའི་འོག་ཙམ་ནས་མི་ཤིན་ཏུ་ཆེ་བ་གསུམ་སོང་བ་ཡང་མཐོང་བར་གྲགས་ཤིང་། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་ལ་ཇི་སྲིད་མུན་སྲུབ་པ་ནས་བསམ་ཡས་སུ་མ་ཕེབས་བར་དེ་སྲིད་དུ་སྐུ་མདུན་དུ་མེ་སྒྲོན་ཆེན་པོ་གསུམ་བྱུང་ནས་ཉིན་མོ་ལས་ཀྱང་གསལ་བ་བྱུང་བར་གྲགས་པ་ལ་སོགས་པ་ངོ་མཚར་དུ་མ་དང་བཅས་ཕེབས་ཏེ། ཡབ་སྲས་མཇལ་བ་ན་བདག་ཉིད་ཆེན་པོའི་སྐུ་འཁོར་རྣམས་ཀྱིས་གོང་གི་གནས་ཚུལ་དེ་ཉིད་འཇམ་དབྱངས་དབང་པོའི་མཚན་ཅན་དཔོན་སློབ་རྣམས་ལ་ཞུས་པ་ན། སྔགས་འཆང་ཉིད་ཀྱི་གསུང་ལས། ཧེ་ཧེ་ངེད་རྒན་པོ་ཚོ་ལ་དེ་འདྲ་བྱུང་། ཁྱེད་ཚོ་ལ་ཇི་ལྟར་བྱུང་