R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༣བ
[A:༢༦༣བ]གསུངས་པ་དང་། འཇམ་པའི་དབྱངས་དབང་པོའི་མཚན་ཅན་གྱིས་བདག་ཉིད་ཆེན་པོ་ལ་རྐང་རྗེས་སོགས་ཇི་ལྟར་བྱུང་བའི་ཚུལ་རྣམས་དང་། ཐེ་ཚོམ་ཙམ་བྱུང་བ་ལ་ཐུགས་མི་ཁྲེལ་བ་ཞུ་ཞེས་ཞུས་པ་ན། བདག་ཉིད་ཆེན་པོས་རྐང་རྗེས་དེ་གསུམ་ཁྲི་ཐོག་པ་སྤུན་རང་ལ་བྱས་འགྱུར་དུ་ངོ་སྤྲོད་བྱས་པའི་མིང་སྲིང་གསུམ་པོ་དེ་ཀ་ཡིན། འོན་ཀྱང་རྐང་རྗེས་དེ་གསུམ་ཙམ་མཐོང་བ་ལ་ངོ་མཚར་རྒྱུ་མེད། ངེད་ལོ་ཉི་ཤུ་རྩ་གྲངས་ཀྱི་དུས་དིང་རི་ཕྱོགས་སུ་ཕྱིན་པ་ན། རྩིབ་རིའི་བྱང་ངོས་དེ་ལ་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ་པོ་ཁྲ་ལམ་མེ་བཞུགས་པ་མཐོང་ཞིང་། དེའི་ཤར་གྱི་ཕྱོགས་ན་འཕགས་པ་ཀླུ་སྒྲུབ་དང་། ས་ལོ་ཐམས་ཅད་མཁྱེན་པ་ཡིན་སྙམ་པའི་པཎྜི་ཏ་ན་བཟའ་ངུར་སྨྲིག་བསྣམས་པ་གཉིས་ཀྱང་འདུག་ཅིང་། ཡང་ངེད་ལོ་བཅུ་གཅིག་ཙམ་གྱི་དུས་སུ་ཕུང་པོ་རི་བོའི་བྱང་ངོས་ལ་གནས་བརྟན་བཅུ་དྲུག་པོ་སྐུ་རེ་རེ་ནས་རྣམ་འགྱུར་ཡ་མཚན་སྣ་ཚོགས་མཛད་པ་དང་བཅས་མཐོང་བ་ཡིན་ནོ་ཞེས་སོགས་ངོ་མཚར་གྱི་གསུང་མང་དུ་བྱོན་པ་དང་། དེ་ནས་བསམ་ཡས་དབུ་རྩེ་ཆེན་མོ་ལ་ཞིག་གསོས་མཛད་དགོས་ཚུལ་བསམ་ཡས་རྒན་དམངས་ལ་བཀའ་སྩལ་ཏེ་ལས་བརྩམས་པ་ན། གློ་བུར་དུ་ཁ་ཆར་ཤིན་ཏུ་ཆེ་བ་ཞིག་བྱུང་བའི་ཚེ། བདག་ཉིད་ཆེན་པོས་རྒྱལ་པོ་ཤིང་བྱ་ཅན་གནས་སར་ཕེབས་ཏེ། དེ་ཉིད་ཀྱི་སྒོ་ལ་ཕྱག་འཁར་བསྣུན་ནས། ང་མི་མནོ་བ་མནོས་སུ་བཅུག ད་ཁྱོད་ལ་ནུས་པ་མེད་པ་ཨེ་ཡིན། ཆར་པ་འདི་མི་གཅོད་དམ་ཞེས་གསུངས་མ་ཐག་ནམ་མཁའ་དྭངས་པར་གྲགས་པ་དང་། དེ་ནས་སྔགས་འཆང་ཉིད་ཀྱི་ཐུགས་དགོངས་ལ་ཆོས་སྐྱོང་འདི་སྔར་ནས་ངེད་ལ་གདུག་འདྲེའི་གནས་ས་ད་