R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༢བ
[A:༢༦༢བ]ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་མཆོག་དེ་ཉིད་དུ་ཡང་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་ནས། དེ་ནས་རིམ་གྱིས་གདན་ས་ཆེན་པོར་ཕེབས་ཏེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་དགུང་ལོ་ལྔ་བཅུའི་ཁོང་ཙམ་དུ་ཕེབས་པའི་ཚེ། གདུང་སྲས་སྐུ་མཆེད་གཉིས་རང་གི་རྒྱལ་ཚབ་དམ་པར་མངའ་གསོལ་ཏེ་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་གྱུར་པ་ཡིན་ཞེས་ཀྱང་གྲགས་པ་ཡིན་ནོ། །དེ་ལྟའི་སྐབས་ཤིག་ན་ཡར་རྒྱབ་པའི་སྡེ་པ་སྐུ་འབྲིང་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་ལ་བདག་ཉིད་ཆེན་པོ་གདན་འདྲེན་པར་བྱུང་བ་ན། གདུང་སྲས་སྐུ་མཆེད་གཉིས་ཀྱི་གཅུང་བདག་ཉིད་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་ཀྱིས་གདན་ས་ཆེན་པོའི་འགན་བཞེས་རྣམས་མཛད་ཅིང་། གཅེན་འཇམ་པའི་དབྱངས་བསོད་ནམས་དབང་པོ་བདག་ཉིད་ཆེན་པོའི་ཞབས་ཕྱིར་འབྲངས་ཏེ་ཡབ་སྲས་གཉིས་ཀྱིས་སླར་ཡང་དབུས་ཕྱོགས་སུ་ཕེབས་ཏེ། ཞིང་གཤེགས་དེ་ཉིད་ཀྱི་དགོངས་རྫོགས་མ་ལུས་པ་གྲུབ་ནས་ལྷ་སར་ཕེབས་པའི་ནུབ། བསམ་ཡས་ཀྱི་རྒྱལ་པོ་ཤིང་བྱ་ཅན་བྱ་བ་དེས་སྔགས་འཆང་ཉིད་ཀྱི་དྲུང་དུ་ལྷགས་ནས། བསམ་ཡས་དབུ་རྩེ་ཆེན་མོ་ལ་ཞིག་གསོས་གནང་དགོས་ཚུལ་གྱི་སྙན་འབུལ་དུ་མ་ཞིག་ཞུ་བ་བཞིན། བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱིས་ཀྱང་བསམ་ཡས་སུ་ཕེབས་པའི་ཚེ། སྒྲགས་ཀྱི་མདོ་དེར་ས་མ་སྲོས་ཙམ་ལ་ཕེབས་པ་ན། འཇམ་དབྱངས་དབང་པོའི་མཚན་ཅན་ཉིད་ལ། ཁྲི་ཐོག་པ་དཔོན་སློབ་སྔ་བར་ལ་སོང་ལ་གཏོར་མ་སོགས་གྲབས་གྲུབ་པ་གྱིས་ལ་བར་ལམ་ལ་ཅག་གས་ཐོན་དགོས། འོན་ཀྱང་ལམ་རྒྱུས་ལ་རྐང་རྗེས་གསུམ་