R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༡བ
[A:༢༦༡བ]ཕེབས་ཏེ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་དྲུང་དུ་ཐུགས་སྲས་དམ་པ་དབང་པོའི་ཞབས་ཀྱིས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་མནོས་པར་མཛད་ཅིང་། བདག་ཉིད་ཆེན་པོས་ཀྱང་སྤྱན་སྔ་རིན་པོ་ཆེར་ཟབ་ཆོས་འགའ་ཞིག་གསན་ཏེ། དེ་ནས་ཡབ་སྲས་ལྷན་ཅིག་ཏུ་ལྷ་སར་ཕེབས་ནས་དེར་བསྟན་པ་དང་སེམས་ཅན་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་དང་། ཁྱད་པར་ཇོ་བོ་རང་བྱོན་ལྔ་ལྡན་བཅུ་གཅིག་ཞལ་དེ་ཉིད་ལ་དད་ལྡན་རྣམས་ཀྱིས་གསེར་ཆབ་གསོལ་བ་སྟོབས་ཆེས་པའི་ཞལ་དཀྱིལ་གས་པ་ལྟ་བུའི་ཤིན་ཏུ་མ་མཛེས་པ་ཞིག་དང་། སྐུ་དེ་ཉིད་ཅུང་ཟད་མདུན་དུ་བུབ་ནས་འདུག་པ་ལ། བདག་ཉིད་ཆེན་པོས་ཐབས་ལ་མཁས་པའི་སྒོ་ནས་སྔ་མོ་ལྟར་ཇོ་བོའི་ཞལ་དཀྱིལ་ཤིན་ཏུ་ཡིད་དུ་འོང་བ་མཛད་ཅིང་། མདུན་དུ་བུབ་པའི་རྣམ་པ་ཡོད་པ་དེ་ལ་ཡང་བདག་ཉིད་ཆེན་པོའི་ཕྱག་གིས་སྐུ་རྒྱབ་ཏུ་འཕུལ་བའི་སྟེང་ཀ་ཙམ་མཛད་པ་ན། སྐུ་དེ་ཉིད་རང་བཞེངས་ཀྱི་ཚུལ་གྱིས་ཤིན་ཏུ་འདྲོངས་པ་བྱུང་ཞེས་ཡོངས་སུ་གྲགས་པ་དང་། སྐབས་དེར་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་སྐྱིད་ཤོད་པས་གདན་དྲངས་ཏེ། གཞིས་དགའ་བདེ་ཆེན་དུ་ཕེབས་པའི་སྐབས་སུ་གཏེར་སྟོན་ཞིག་པོ་གླིང་པ་དང་མཇལ་ནས། དེ་ལས་བདག་ཉིད་ཆེན་པོས་གཏེར་ཆོས་མང་དུ་གསན་ཅིང་། གཞན་ལ་ཡང་རྒྱ་ཆེར་སྤེལ་བར་མཛད་བཞིན་པའི་ཚེ། བསམ་ཡས་ནས་ཆོས་སྐྱོང་ཆེན་པོ་སོགས་ལྷ་མི་རྣམས་ཀྱིས་གདན་འདྲེན་གྱི་ཕོ་ཉ་མངགས་པ་ན་སླར་ཡང་བསམ་ཡས་སུ་ཕེབས་ནས། དེར་ཆོས་སྐྱོང་ཆེན་པོས། བདག་ཉིད་ཆེན་པོ་རང་ཉིད་ཀྱི་གཅེན་བདག་ཆེན་ཀུན་དགའ་བསམ་གྲུབ་པ་གཉིས་ཆར་གྱིས་བསམ་