R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༡ན
[A:༢༦༡ན]བསྡུས། ལྕོག་པ་རྣམས་ལ་མཎྜལ་ཕུལ་ཞིག་པར་བཀའ་གནང་ནས། ཆོས་སྐྱོང་རང་གིས་ཀྱང་བསེ་རྨོག་ཕུད་ཅིང་། རལ་གྲི་དང་ཞགས་པ་ཡང་དེར་བཞག་ནས། སྔགས་འཆང་ཉིད་ཀྱི་དྲུང་དུ་ཐལ་མོ་སྦྱར་ཏེ ས་སྐྱ་པ་ཆེན་པོས་ངེད་ཟབ་ཡངས་མཐིལ་གྱི་ལྷ་མི་འདིར་ཚོགས་རྣམས་ལ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཤིག་གནང་བ་དགོས་ཞུ་བ་ལ། བདག་ཉིད་ཆེན་པོས་ཀྱང་ཐུགས་དགེས་བཞིན་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་རྒྱས་པ་སྩལ་བའི་ཚེ། དེ་མ་གྲོལ་གྱི་བར་ལ་བདག་ཉིད་ཆེན་པོའི་གཡོན་ཕྱོགས་ཀྱི་ས་དང་བར་སྣང་ཐམས་ཅད་ལ་སྔོན་སློབ་དཔོན་པདྨས་དམ་བཏགས་ཀྱི་གནས་ཁ་སོ་སོའི་སྲུང་མ་རྣམས་དང་། གཞན་ཡང་གཟུགས་མེད་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་འདུས་ནས། སྔགས་འཆང་ཉིད་ལ་གུས་འདུད་དང་བཅས་འདུག་པ་མཁན་ཚང་པ་བསྟན་པ་དར་རྒྱས་ཀྱིས་མངོན་སུམ་དུ་མཐོང་ཞིང་། དེ་དང་དུས་མཉམ་དུ་ཆོས་སྐྱོང་ཆེན་པོས་ཀྱང་བདག་ཉིད་ཆེན་པོའི་སྐུའི་གཡོན་ཕྱོགས་ལ་ཡང་ཡང་གཟིགས་ནས་བརྡ་མང་དུ་མཛད་ཅིང་། ཕྱོགས་དེར་མི་སུ་ཡང་འགྲོར་མི་འཇུག་པ་དེར་ཡོད་ཀུན་གྱིས་མཐོང་བར་གྲགས་པ་དང་། དེའི་ཚེ་བདག་ཉིད་ཆེན་པོའི་གསུང་ལས་ཀྱང་། དེ་རིང་གི་ཆོས་ཉན་པ་རྣམས་ཀྱི་ཁྲོད་ན་སེམས་ཅན་མགོ་ལུས་མི་གཅིག་པ་མང་པོ་འདུས་ནས་བཞེད་པོ་འདུག་པ་ཁྱེད་ཚོས་ཨེ་མཐོང་ཞེས་ཞབས་འབྲིང་པ་རྣམས་ལ་གསུང་བར་གྲགས་ལ། དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དེར་བོད་ཀྱི་བདེ་སྐྱིད་ལ་ཕན་པའི་མཛད་པ་མཐའ་ཡས་པ་ཞིག་མཛད་ནས། དེ་ནས་ལོ་དགོན་པར་