R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༠བ
[A:༢༦༠བ]བགེགས་གྲུབ་ཀྱི་འཆམས་ཀྱི་ཚེ། སྐབས་ཤིག་སྔགས་འཆང་ཉིད་ཀྱི་དྲུང་དུ་ཆོས་སྐྱོང་བྱོན་ནས། ས་སྐྱ་པ་ཆེན་པོ་དང་པོ་སློབ་དཔོན་པདྨས་ཀྱང་ངེད་ཟབ་ཡངས་མཐིལ་གྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་འོག་ཏུ་བཅུག བཀའ་ནན་དྲག་པོས་བསམ་ཡས་ཀྱི་སྲུང་མར་བསྐོས་པ་ཡིན། དེ་བཞིན་ས་སྐྱ་པ་ཆེན་པོས་ཀྱང་ངེད་ལྷ་སྲིན་སྡེ་བརྒྱད་ལ་དྲག་པོའི་ལས་ཀྱི་གནོད་པ་མེད་པར་སོ་སོར་སྔར་བཞིན་རང་གནས་སུ་འཇོག་པ་མཛད་དགོས། ངེད་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཀྱང་སྔོན་སློབ་དཔོན་རིན་པོ་ཆེ་པདྨའི་བཀའ་བཞིན་དང་། ད་ལམ་ཡང་ས་སྐྱ་པ་ཆེན་པོས་བཀའ་ཇི་ལྟར་བསྒོས་པ་ལྟར་བསྒྲུབ་ཅིང་དམ་འོག་ཏུ་འཇུག་པ་བྱེད་ཟེར་ཏེ། ད་ལྟ་སྡེ་བརྒྱད་ཐམས་ཅད་དབུ་རྩེའི་ཁྱམས་ར་ཆེན་མོ་ན་འདུས་འདུག་ནས་གདུག་འདྲེ་ལ། དགེས་བཤེས་སུ་འཕྲིན་སྐྱོལ་ཟེར་བར་འདུག་པས། ས་སྐྱ་པ་ཆེན་པོས་ཀྱང་དེ་བཞིན་དུ་དགོངས་དགོས། ཞེས་ཆོས་སྐྱོང་ཆེན་པོས་ལན་གཉིས་ཞུས་པ་ན། རྗེས་མའི་སྐབས་སུ་བདག་ཉིད་ཆེན་པོས་ཆོས་སྐྱོང་ཆེན་པོ་ལ་སྤྱན་ཆེར་གཟིགས་ནས་ཅང་མི་གསུང་བར་ཞལ་འཛུམ་པ་ཞིག་མཛད་པ་ན། ཆོས་སྐྱོང་ཆེན་པོ་ཉིད་དགེས་པ་ཆེན་པོའི་ངང་ནས་དབུ་རྩེ་ཆེན་མོའི་ཁྱམས་རར་ཕེབས་ནས་སྡེ་བརྒྱད་རྣམས་ཀྱི་མིང་ནས་འབོད་ཅིང་། གདུག་འདྲེས་དགེས་བཤེས་ལ་འཕྲིན་བསྐྱལ་བ་འདི་ལ་ཁྱེད་ཟབ་ཡངས་མཐིལ་གྱི་སྡེ་བརྒྱད་ཐམས་ཅད་ཀྱི་བྱས་པ་གཟོ་བ་གྱིས་ཞེས་གསུང་བར་གྲགས་ཤིང་། དེ་ནས་ཡང་ལན་ཅིག་བདག་ཉིད་ཆེན་པོ་ཡབ་སྲས་གཉིས་ཀྱི་དྲུང་དུ་ཆོས་སྐྱོང་ཆེན་པོ་གློ་བུར་ཉིད་དུ་བྱོན་བྱུང་ནས་མཎྜལ་སོ་བདུན་མ་བཀོད་ནས། བསམ་ཡས་པའི་ཞལ་ངོ་རྣམས་ཀྱང་