R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༠ན
[A:༢༦༠ན]མཛད་པ་ཡིན་ལ། དེ་དག་གི་སྐབས་ཤིག་ནས་བསམ་ཡས་ཀྱི་ས་སྐྱོང་ཆེན་པོ་ཚེ་དབང་རྡོ་རྗེ་ཞིང་གཞན་དུ་གཤེགས་པ་ལ་བརྟེན། དེའི་གཤེགས་རྫོང་ལ་བདག་ཉིད་ཆེན་པོ་སྤྱན་འདྲེན་གྱི་ཕོ་ཉ་མངགས་པ་ན། བདག་ཉིད་ཆེན་པོ་འདིས་ཀྱང་ཆོས་རྒྱལ་ཆེན་པོ་དེ་ལ་ཐུགས་བརྩེ་བས་ཕེབས་པར་ཞལ་གྱིས་བཞེས་པ་གནང་ནས། དེ་མཐུན་གདུང་སྲས་འཇམ་པའི་དབྱངས་དབང་པོའི་མཚན་ཅན་ཉིད་ཀྱང་། ལོ་ནས་སྤྱན་སྔ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་བར་བཞེད་དེ། ཡབ་སྲས་ལྷན་ཅིག་ཏུ་དབུས་ཕྱོགས་ལ་ཆིབས་ཁ་བསྒྱུར་ནས་སྣར་ཐང་། ངོར་ཨེ་ཝཾ་ཆོས་ལྡན། གཞིས་དགའ་བསམ་འགྲུབ་རྩེ། རིན་སྤུངས། གོང་དཀར་རྡོ་རྗེ་གདན། བདེ་མཆོག་སྲིན་པོ་རི་རྣམས་སུ་མར་ལམ་ཕེབས་ནས། དེ་དག་ཏུ་གནས་པའི་སྐྱ་སེར་རྣམས་ལ་ཟབ་རྒྱས་དམ་པའི་ཆོས་ཀྱི་བཀའ་དྲིན་གཞལ་དུ་མེད་པ་སྩལ་ཏེ། རིམ་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ཕེབས་ནས། ཆོས་རྒྱལ་ཚེ་དབང་རྡོ་རྗེ་པའི་དགོང་རྫོགས་ཀྱི་ཚོགས་དབུས་དང་ལམ་སྟོན་སོགས་མཛད་སྐབས། ཆོས་སྐྱོང་ཆེན་པོའི་ལྕོག་ལྷའི་ཕོ་བྲང་དུ་བདག་ཉིད་ཆེན་པོ་སྤྱན་དྲངས་ཏེ། ཆོས་སྐྱོང་ཆེན་པོས་སྔོན་སློབ་དཔོན་པདྨའི་ཟབ་ཡངས་མཐིལ་འདི་ལ་ས་ཆོག་དང་རབ་གནས་མཛད་པ་བཞིན། ས་སྐྱ་པ་ཆེན་པོས་ཀྱང་གཙུག་ལག་ཁང་དང་མཆོད་རྟེན་རྣམས་ལ་རབ་གནས་མཛད་ན་བོད་ཁམས་ཀྱི་བདེ་སྐྱིད་ལ་ཕན་པ་ཡོད་ཅེས་ཞུས་པ་ན། བདག་ཉིད་ཆེན་པོས་ཀྱང་ཡབ་སྲས་ལྷན་ཅིག་ཏུ་རྡོ་རྗེ་ཕུར་པའི་ས་ཆོག་དང་དེ་ལ་བརྟེན་པའི་རབ་གནས་རྒྱས་པར་མཛད་དེ། དེའི་དུས་སུ་ཚོགས་ཐ་མ་དགྲ་