R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༨བ
[A:༢༥༨བ]སྔགས་ཀྱི་ཆོས་གྲྭ་ངོ་མཚར་ཅན་འདི་དག་དང་། གཞན་ཡང་མེ་འབར་གྱི་གཙུག་ལག་ཁང་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཁའུ་སྐྱེད་ལྷས་བྱ་བའི་སྒྲུབ་གནས་འདི་ཉིད་དང་། བྱས་འགྱུར་རྡོ་རྗེའི་བྲག་རྫོང་གཉིས་ཀྱང་ཉམས་གསོ་གསར་བཞེངས་ལྟ་བུ་མཛད་ཅིང་། རྗེ་ས་སྐྱ་པ་ཆེན་པོ་འཁྲུངས་པའི་གནས་ཕྲུ་མ་ཞེས་གྲགས་པར་ཡང་ཤིན་ཏུ་ངོ་མཚར་བའི་སྒྲུབ་སྡེ་གསར་དུ་བཞེངས་པ་འདི་ཉིད་དང་། ཤབ་དགེ་སྡིངས་བཀྲ་ཤིས་བསམ་འགྲུབ་ཏུ་འདྲ་འདྲི་ཆོས་རྫོང་ཁམས་གསུམ་ཟིལ་གནོན་ཞེས་བྱ་བའི་སྔགས་དགོན་དེ་ཉིད་དང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་དུ་བསམ་ཡས་རབ་བྱུང་གི་སྡེ་ཆེན་པོ་ལ་སོགས་པ། མདོར་ན་བདག་ཉིད་ཆེན་པོ་འདིས་མདོ་གྲྭ་དང་སྔགས་གྲྭ་སྒྲུབ་སྡེ་སོགས་དགོན་ཆེ་ཆུང་དུ་མ་ཞིག་གིས་དབུས་གཙང་གི་སའི་ཆ་མ་ལུས་པ་ཁྱབ་པ་ལྟ་བུ་ཞིག་གསར་འདེབས་མཛད་དེ། །དེ་དག་གི་ཆ་རྐྱེན་བསྙེན་བཀུར་སོགས་རྒྱ་ཆེན་པོ་བསྒྲུབ་པའི་རྒྱུན་འཛུགས་པར་མཛད་པ་འདི་ནི་བདག་ཉིད་ཆེན་པོ་འདི་ལ། གངས་ཅན་ཁྲོད་ཀྱི་བསྟན་འཛིན་ཆེན་པོར་རློམ་པ་ཕལ་ཆེར་གྱིས་འགྲན་ཟླ་དང་བྲལ་བའི་རྣམ་པར་ཐར་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་མདོ་སྔགས་ཀྱི་ཆོས་གྲྭ་ཆེན་པོ་དེ་དག་ལེགས་པར་འདེབས་པར་མཛད་ནས། དེ་ནས་བཟུང་ནས་བླ་མ་གོང་མ་རྣམས་ཀྱི་དུས་མཆོད་རྣམས་ལ་བདེ་ཀྱེ་གསང་གསུམ། ཡང་ཕུར་གཉིས། གཤེད་དམར། གུར་རིགས་བསྡུས། སམྤུ་ཊ། ཀུན་རིག་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་། རྒྱུད་སྡེ་ཟབ་མོ་རྣམས་ཞལ་འདོན་གྱི་རིམ་པ་སོགས་གསར་དུ་འཛུགས་