R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༨ན
[A:༢༥༨ན]ཡབ་ཆོས་ཡང་ཕུར་གཉིས་དང་། བདེ་ཀྱེ་གསང་གསུམ། ཡོ་ག་བྱ་སྤྱོད་དང་བཅས་པའི་ཆོ་ག་ཆ་ལག་དང་བཅས་པ་དང་། ཆོས་སྐྱོང་གི་བསྐང་བཟློག གར་འཆམས། གདངས་དབྱངས། རོལ་མོ་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་ཉམས་པ་མཛད་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་གོང་འཕེལ་དུ་མཛད་པའི་གཞི་དམ་པ་གདན་ས་དན་གྱི་ཕྱོགས་སུ་སྔགས་ཀྱི་ཆོས་གྲྭ་ཆེན་པོ་འདི་ཉིད་ལེགས་པར་འདེབས་པར་མཛད་ནས་དཔལ་ལྡན་ས་སྐྱའི་སྔགས་ཕྱོགས་ཀྱི་བསྟན་པ་གསལ་བར་མཛད་པ་འདི་ནི། བླ་མ་གོང་མ་ཡེ་ཤེས་ཀྱི་སྤྱན་ལྡན་དུ་མའི་ཐུགས་དགོངས་རྫོགས་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ལྟ་བུར་གྱུར་པ་ཡིན་ཏེ། རྗེ་རྡོ་རྗེ་འཆང་དག་པའི་ཞིང་དུ་གཤེགས་ཁའི་གསུང་ལས། ད་འགྲོ་ནའང་སེམས་ཀྱི་འཁྲི་བ་ས་སྐྱའི་དན་སྟོད་དེ་ལ་ཆོས་ཁྲིམས་གཙང་མ་ཅིག་བྱུང་ན་སྙམ་རྩོལ་བ་ཆེར་བྱས་པ་ཡིན་ཏེ། དེའི་སྤྲོས་པ་ནི་ཆོད་འདུག གཞན་སེམས་ཀྱི་ལྷག་མ་ཅུང་ཟད་ཀྱང་མེད་ཅེས་གསུངས་པ་དང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་གསུང་ལས་ཀྱང་། ངེད་རང་གི་བསམ་པ་བཞིན་བྱུང་ན་ས་སྐྱའི་སྐྱེད་འཕྲང་ཡན་ལ་ལམ་འབྲས་སོགས་ས་སྐྱ་པའི་སྔགས་ཕྱོགས་ཀྱི་ཆོས་གྲྭ་བཟང་པོ་ཞིག་ཅི་ལ་ཐུག་ཀྱང་ཚུགས་པར་བྱེད་སྙམ་པ་ཡོད་པས། དེ་དག་གི་མགོ་མ་ལ་ཁྱེད་བཞུགས་དགོས་ཞེས་པཎ་ཆེན་ཉི་ཟླ་སེང་གེ་ལ་གསུང་བར་གྲགས་པ་སོགས་བླ་མ་གོང་མ་དུ་མའི་ཐུགས་ཀྱི་ལྷག་མར་ལུས་པ་འདི་ཉིད། བདག་ཉིད་ཆེན་པོ་འདིས་ཇི་ལྟ་བ་བཞིན་བདེ་བླག་ཏུ་འགྲུབ་པར་མཛད་པ་ནི་ཤིན་ཏུ་ངོ་མཚར་བའི་གནས་སོ། །དེ་ལྟར་གདན་ས་ཆེན་པོ་འདི་ཉིད་དུ་མདོ་