R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༧བ
[A:༢༥༧བ]ཉིད་ཀྱི་དྲུང་དུ་ཕེབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བར་གྲགས་སོ། །དེ་ལྟར་སྔགས་འཆང་བླ་མ་འདིས་རྟེན་གསུམ་གཙུག་ལག་ཁང་དང་བཅས་པའི་ཉམས་གསོ་དང་གསར་བཞེངས་སོགས་བསྟན་པའི་བྱ་བ་རླབས་པོ་ཆེ་དུ་མ་མཛད་ནས། སླར་ཡང་ས་ལོ་ཆེན་པོའི་བཀའ་ཆེམ་དང་། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ནས། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་མདོ་ཕྱོགས་ཀྱི་བསྟན་པ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྱུར་བའི་གཞི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཆེན་ཞེས་སྙན་པའི་གདུགས་དཀར་སྲིད་རྩེའི་བར་དུ་ཁྱབ་པའི་ཆོས་ཀྱི་གྲྭ་ཆེན་པོ་དེ་ཉིད་འདེབས་པར་མཛད་ཅིང་། དེར་བཞུགས་ཀྱི་དགེ་འདུན་ཚོགས་པ་རྣམས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནས་འབྱུང་པ་བཞིན་གྱི་སྤང་བླང་རྣམས་གཡེལ་མེད་དུ་བྱ་དགོས་ཚུལ་དང་། ཆོས་སྤྱོད་ཀྱི་རིམ་པ་སོགས་ཇི་ལྟར་བྱ་བའི་རྣམ་གཞག་སྟོན་པ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལྟ་བུའི་བཅའ་ཡིག་ངོ་མཚར་རྨད་དུ་བྱུང་བ་ཞིག་ཀྱང་མཛད་དེ། །དེ་ལ་བརྟེན་ནས་ལུང་རིགས་ཀྱིས་ཐུགས་རྒྱུད་ཕྱུག་པའི་བསྟན་འཛིན་བགྲང་བ་ལས་འདས་པ་ཞིག་བྱོན་ནས། སྤྱི་དང་བྱེ་བྲག་གི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ནི་རྣམ་ཐར་རྣམས་ཀྱི་ནང་ནས་ཀྱང་མཆོག་ཏུ་ཤེས་པར་བྱའོ། །དེ་ནས་དེའི་རྗེས་ཙམ་ནས་གསང་སྔགས་བདེ་ཆེན་གླིང་བྱ་བ། སྤྱིར་རྒྱུད་སྡེ་མཐའ་དག་དང་། ཁྱད་པར་རྗེ་བཙུན་ས་སྐྱ་པའི་