R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦ན
[A:༢༦ན]ལྷ་ཁང་དུ་འཇམ་དབྱངས་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད་པ། ཟངས་སྡོང་འབྲོག་པའི་གསེབ་ཏུ་གསུང་ངག་གསུངས་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བ་རྣམས་ལོ་ཟླ་ཚེས་གྲངས་གཅིག་པར་འདུག་པ་ལ། ཕྱིས་སྐུ་གཤེགས་ནས་སློབ་མ་རྣམས་གསུང་གླེང་མཛད་པ་མ་གཏོགས་སུས་ཀྱང་རྟོགས་པ་མི་འདུག་པས། དེ་ནི་དུས་གཅིག་ལ་སྐུའི་བཀོད་པ་དྲུག་བསྟན་པ་ཡིན་པར་གྲགས་སོ། །ཡང་མཐུ་རྩལ་གྱི་སྒོ་ནས་བསྟན་དགྲ་གདུག་པ་ཅན་རྣམས་ཚར་བཅད་པའི་ཚུལ་ནི། བདུད་སྤྲུལ་སྔགས་ནག་བླ་ཆེན་སྟག་ཚ་དང་། བོན་ནག་རེ་བ་འཛུ་གུ་ཞེས་བྱ་བ་གཉིས་ཀྱིས་བསྟན་འཛིན་རྣམས་ལ་ཤིན་ཏུ་ཕྲག་དོག་པའི་སྒོ་ནས། བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ལ་ཡང་བར་ཆད་མཐོ་འཚམས་བྱེད་སྙམ་སྟེ། སྟག་ཚའི་སློབ་མ་ཁམས་ཀྱི་ལྡན་མ་ནས་འོང་བའི་མིང་རྡོར་རྒྱལ་ཟེར་བ་ཅིག་གསེར་གྱིས་སླད་ནས་བླ་ཆེན་བཀྲོང་དུ་བཏང་བས། ཁམས་པ་དེས་ཀྱང་ཁས་བླངས་ནས་ས་སྐྱར་འོང་བའི་ཚེ། བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་དེ་སྒོ་རུམ་གཟིམས་སྤྱིལ་དཀར་པོར་བཞུགས་ཡོད་པ་ལ། ཁམས་པ་དེས་མཇལ་ཁ་ཞུས་པ་ན་དེ་འཕྲལ་སྐུ་གཞོགས་སུ་གནང་བའི་ཚེ། ཁམས་པ་ན་རེ། བདག་སྐྱེས་ས་ཁམས་ཀྱི་ལྡན་མ་ཡིན། ཞིང་སྟོད་ཀྱི་ཕྱོགས་སུ་ཕྱིན་ནས་ལོ་དུ་མ་སོང་། དེ་ནས་བླ་ཆེན་ཁྱེད་ཀྱི་སྙན་པ་ཐོས་ནས་དད་པ་ཆེན་པོས་མཇལ་དུ་འོང་བ་ལགས། ད་རེ་ཞིག་ཁྱེད་ཀྱི་ཞབས་དྲུང་དུ་བསྡད་ཆོག་པར་ཞུ་བ་ལ་དེ་བཞིན་དུ་གནང་ཞིང་། གཞན་ཡང་འཕྲལ་དུ་ཁམས་པ་དེས་གུས་གུས་ལྟར་གྱི་ཐབས་ཅི་འདྲ་ཞིག་བྱས་ནས་བཀྲོང་བ་དྲག་