R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༥ན
[A:༢༥༥ན]དང་། ལྗོན་ཤིང་གི་རྭ་བས་བསྐོར་བའི་རྟེན་དང་བརྟེན་པར་བཅས་པ་འདི་ཉིད་གསར་དུ་བཞེངས་ཤིང་། ཡང་དུས་མཆོད་བླ་བྲང་དུ་གྲགས་པ་འདི་ཡང་གསར་བཞེངས་ལྟ་བུར་མཛད་དེ། ལྷག་པར་གཙུག་ལག་ཁང་དེར་བཞུགས་པའི་འཕགས་པའི་འབུལ་ཐོག་མ་དང་། བདག་ཉིད་ཆེན་པོའི་སྐུ་གཉིས་མ་གཏོགས་གཞན་མ་རྟེན་གཙོ་བདག་ཉིད་ཆེན་པོ་ས་པཎ་གྱི་སྐུ་བརྙན་ལ་དུས་མཆོད་བླ་བྲང་པའི་གདུང་རབས་རྣམས་ཀྱིས་བསྐོར་བ་ངོ་མཚར་ཅན་འདི་རྣམས་དང་། གཞན་ཡང་ས་ལོ་ཐམས་ཅད་མཁྱེན་པའི་སྐུ་བརྙན་གཉིས་དང་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་སྐུ་འདྲ་རྣམས་ལ་ལམ་འབྲས་བརྒྱུད་པས་བསྐོར་བ་བཞུགས་པའི་གཙུག་ལག་ཁང་གཞི་ཐོག་གསེར་ཁང་དུ་གྲགས་པ་རྟེན་དང་བརྟེན་པར་བཅས་པ་འདི་ཉིད་དང་། གཞན་ཡང་ནང་སོ་པུ་ཏྲ་ཁང་དུ་གྲགས་པ་འདི་ཉིད་ཀྱང་གསར་བཞེངས་ལྟ་བུར་མཛད་ཅིང་། དེ་དག་གི་ལྷོ་ཕྱོགས་སྤྲུལ་པའི་གཙུག་ལག་ཁང་ལྷ་ཁང་ཆེན་མོའི་ཡང་སྟེང་དུ་བླ་མ་ས་སྐྱ་པ་ཆེན་པོ་ལ་ལམ་འབྲས་བརྒྱུད་པས་བསྐོར་བའི་སྐུ་བརྙན་ངོ་མཚར་ཅན་བལྟ་བས་ཆོག་མི་ཤེས་པ་འབའ་ཞིག་བཞུགས་པའི་གཙུག་ལག་ཁང་དེ་ཉིད་དང་། དེ་འོག་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཡུམ་ཆེན་ཨེ་ཀ་ཛ་ཊཱི། འདོད་ཁམས་དབང་ཕྱུག་མ། ཞིང་སྐྱོང་ཆེན་པོ་བྲམ་གཟུགས། ལས་མཁན་ལྔ་དང་བཅས་པ་བཞུགས་པའི་མགོན་ཁང་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱང་གསར་བཞེངས་མཛད་པ་ཡིན་ལ། འདི་ཉིད་ཞལ་བཀོད་གནང་བའི་ཚེ། གོང་དཀར་བ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་གྱིས་ལྷ་ཁང་ཆེན་མོའི་ཐིགས་ཁང་དུ་གུར་ཕུབ་ནས། མགོན་པོའི་