R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༥བ
[A:༢༥༥བ]སྤེན་འཛུགས་དང་རུ་ཤིང་ལ་འཇིམ་པ་ཕལ་ཆེར་གཡོགས་གྲུབ་མཚམས། གློ་བུར་དུ་རླུང་དམར་ཆེན་པོ་ཞིག་ལངས་ཏེ། གུར་བསྒྱེལ་ཞིང་ལས་བྱ་བྱེད་དང་བྲལ་བར་གྱུར་པའི་ཚེ། ལྷ་བཟོ་བས་སྔགས་འཆང་ཉིད་ལ་དེའི་ཚུལ་རྣམས་ཞུས་པ་ན། བདག་ཉིད་ཆེན་པོ་ཐུགས་འུར་ཉམས་དང་བཅས་འཕྲལ་དུ་ཕེབས་ཏེ། གཟིམས་ཆུང་གི་མདོའི་གཡབས་སྟེང་ནས་དཀར་གོང་ཞིག་བསྣམས་ནས། མགོན་པོའི་སྐྱ་བཟོ་ཕལ་ཆེར་གྲུབ་པ་དེ་ལ་བསྣུན་པ་གནང་སོང་བས། སྐྱ་བཟོའི་སྐུའི་ནུ་མ་གཡས་པའི་འོག་ཙམ་དུ་ཐིམ་སོང་ཞིང་། དེ་མཐུན་གསུང་ལས། ང་ས་སྐྱའི་སྡེ་གོག་པོ་འདི་འཛིན་པ་དང་། གཙུག་ལག་ཁང་ཁྱད་པར་ཅན་འདི་དམ་ཉམས་ཚོའི་ལག་ཏུ་མི་འཁྱར་བར་བྱ་བའི་ཕྱིར་མགོན་ཁང་ཞིག་བཞེངས་བསམས་པ་ལ། ནག་བགྲད་ཁྱོད་གཏོར་མ་བཟའ་ཡིན་སྡོད་པ་མ་གཏོགས་རླུང་པོ་འདི་ཙམ་སྲུང་བའི་ནུས་པ་ཡང་མེད་པ་ཨ་ཡིན། ཞེས་གསུང་ཤུགས་ཆེན་པོ་དང་བཅས་གནང་བ་ན། དེ་མ་ཐག་རླུང་དམར་ཐམས་ཅད་རང་ཞིར་གྱུར་ཅིང་། དུས་དེ་ནས་བཟུང་མགོན་ཁང་ནམ་གྲུབ་ཀྱི་བར་ལ་རྩུབ་འགྱུར་གྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་བ་ཡིན་ནོ་ཞེས་ཀྱང་ཐོས་སོ།
།དེ་ལྟ་བུའི་སྔགས་འཆང་བླ་མ་དེས་གཞན་ཡང་ས་སྐྱ་པ་ཆེན་པོ་ལ་འཇམ་དབྱངས་དང་མི་གཡོ་བ་སྒྲོལ་མ་རྣམས་ཞལ་གཟིགས་པའི་གནས་ས་ཆེན་ཕུག་ཏུ་གྲགས་པ་དང་། ས་ཆེན་གྱི་དངོས་སློབ་ཕག་མོ་གྲུབ་པའི་གསུང་ངག་གསན་ནས་སྒྲུབ་པ་མཛད་པའི་གནས་ཕག་མོ་ཕུག་ཏུ་གྲགས་པ་གཉིས་སུ་ཡང་གཙུག་ལག་ཁང་ཁྱད་པར་ཅན་སོ་སོའི་ནང་དུ་རྣམ་ཐར་དང་མཐུན་པའི་ས་འཇམ་དང་། ས་ཆེན་ཕག་གྲུ་རྣམས་ཀྱི་སྐུ་འདྲ་ཡིད་དུ་འོང་