R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༤བ
[A:༢༥༤བ]དང་། ཆོས་སྐྱོང་རྣམས་ཀྱི་མཐུ་རྩལ་ལ་བརྟེན། ད་ནི་སྡེ་བསྟན་པ་ལ་ཞབས་ཏོག་འགྲུབ་པ་འདུག་སྙམ་དུ་དགོངས་ནས་ཐུགས་དགེས་པ་ཆེན་པོའི་ངང་ནས། རྒྱབ་བརྟེན་རྡོ་རྗེ་སེམས་དཔའ་ཁྱེད་རང་ལ་བྱས། །མཐུ་དང་ནུས་པ་རྣལ་འབྱོར་ལྗགས་ལ་ཚང་། །བདུད་དང་མུ་སྟེགས་བཏུལ་ནས་རྒྱུན་ལ་རིང་པོ་སོང་། །ད་ཡང་ཡེ་ཤེས་མཚོ་རྒྱལ་དྲན་ནས་དགའ་ནས་འོང་ངོ་ལགས། །ཞེས་པའི་ལམ་མགུར་ཡང་མཛད་ཅིང་གཙང་ཕྱོགས་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་གདན་ས་ཆེན་པོར་ཕེབས་ནས། ཆོས་རྒྱལ་ཆེན་པོ་གཡས་རུ་བྱང་པ། རྒྱལ་རྩེ་བ། རིན་སྤུངས་པ་གསུམ་གྱི་གདན་ས་ཆེན་པོའི་མཆོད་གཞིས་རྙིང་ཁུང་གང་ཡོད་ཀྱི་སྟེང་དུ། ལྷ་ས་གཞུང་ལ་གཏོགས་པ་རྣམས་དང་། མང་མཁར་གཞུང་དང་། ཤབ་སྨད་དུ་གཏོགས་པ་ཕལ་ཆེ་བ་རྣམས། ཕུ་གསུམ་མངའ་ཞབས་སུ་གཏོགས་པ་སོགས་ཤིན་ཏུ་རྒྱ་ཆེ་བའི་མཆོད་གཞིས་རྣམས་ཀྱང་ཕྱག་ཏུ་ཕུལ་ནས། དེ་ཙམ་ནས་གདན་ས་ཆེན་པོ་འཕེལ་ཞིང་རྒྱས་པའི་དབུ་ཚུགས་པ་ཡིན་ལ། དེ་ནས་སྔགས་འཆང་ཉིད་དགུང་ལོ་སུམ་ཅུ་སོ་བགྲང་ཙམ་དུ་ཕེབས་པ་ནས་བཟུང་སྟེ། གདན་ས་ཆེན་པོའི་གཙུག་ལག་ཁང་རྣམས་ཀྱི་ཉམས་གསོ་དང་། གསར་བཞེངས་རྣམས་རིམ་པས་མཛད་པ་གནང་སྟེ། དེ་ཡང་གསར་བཞེངས་ཇི་ལྟར་མཛད་པའི་རྣམ་གྲངས་ཀྱང་ཆུ་མིག་རྫིང་ཁར་བདེ་མཆོག་ཕོ་བྲང་ཞེས་བྱ་བ་རྟེན་གྱི་གཙོ་བོ་ས་སྐྱ་པ་ཡབ་སྲས་གསུམ་དང་། ས་ལོ་ཐམས་ཅད་མཁྱེན་པ་རྣམས་ལ་བདེ་མཆོག་བླ་མ་བརྒྱུད་པས་བསྐོར་བའི་སྐུ་བརྙན་ངོ་མཚར་ཅན་མང་དུ་བཞུགས་པའི་གཙུག་ལག་ཁང་ལ་ལྕགས་རིས་བསྐོར་བའི་ཀླུ་སྡིངས་མེ་ཏོག་