R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༨ན
[A:༢༤༨ན]དང་། ཛམ་དཀར་གྱི་རྗེས་གནང་སོགས་དཀོན་ཞིང་ཟབ་པའི་རྗེས་གནང་དང་། བྱིན་རླབས་ཀྱི་རིགས་མང་པོ་ཞིག་གསན་པར་མཛད། གཞན་ཡང་པཎ་ཆེན་ལེགས་བློ་བ། ངོར་ཆེན་སངས་རྒྱས་སེང་གེ གཏེར་སྟོན་སྣང་རྩེ་བ། གཏེར་སྟོན་ཤེས་རབ་འོད་ཟེར་བ་རྣམས་ཀྱང་གུས་པས་བསྟེན་ནས་དབང་བྱིན་རླབས་གཏེར་ཆོས་སོགས་མཐའ་ཡས་པ་ཞིག་གསན་ཅིང་། གསན་པ་དེ་རྣམས་ཀྱང་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་མཐའ་དག་ཆོད་པར་མཛད་པས་མདོ་རྒྱུད་བསྟན་བཅོས་ཇི་སྙེད་པའི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ནོ་ཞེས་གྲགས་ལ། དེ་ལྟར་ཡོངས་འཛིན་དམ་པ་རྣམས་ལས་ཟབ་རྒྱས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་པའི་སྔགས་འཆང་བླ་མ་འདི་ཉིད་ཀྱིས། རྗེ་བཙུན་ས་སྐྱ་པའི་ཆོས་ཀྱི་ཁྲི་ག་ལ་བ་དེར་ཞབས་ཟུང་བཀོད་ཅིང་། བླ་མ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དགོན་པ་དང་། ཡང་དབེན་རྣམས་སུ་སྒོམ་སྒྲུབ་ལ་གཞོལ་བའི་སྒོ་ནས་ཡི་དམ་ཞི་ཁྲོ་རབ་འབྱམས་རྣམས་དང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་པ་མཛད་དེ། བླ་མ་ཡི་དམ་རྣམས་ཀྱི་ཞལ་གཟིགས་ཤིང་། བསྟན་སྲུང་རྣམས་བྲན་བཞིན་དུ་བཀོལ་ཏེ་བསྟན་དགྲ་རྣམས་ཚར་བཅད་ནས། སྤྱི་དང་བྱེ་བྲག་གི་བསྟན་པ་འཕེལ་རྒྱས་སུ་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་འདི་དགུང་ལོ་དགུར་ཕེབས་པ་ཤིང་མོ་བྱའི་ལོ། །ས་སྐྱ་པཎྜི་ཏ་ཆེན་པོའི་ཆོས་ཀྱི་ཁྲི་ཆེན་པོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཏེ། གདན་ས་ཆེན་པོའི་བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་གཙོ་བོར་གྱུར་པའི་སྐྱེ་བོའི་ཚོགས་སྟོང་ཕྲག་དུ་མ་