R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༨བ
[A:༢༤༨བ]ལ། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཡོངས་རྫོགས། དག་གསལ་སྙན་པའི་གསུང་གིས་ཉི་མ་གསུམ་གྱི་བར་དུ་ལེགས་པར་བཤད་པས། སྐྱེ་བོ་མཁས་བླུན་ཐམས་ཅད་ཀྱི་དད་གུས་ཆེན་པོས་མཆོག་ཏུ་བསྔགས་པའི་གནས་སུ་གྱུར་ཅིང་། དེ་ནས་བདག་ཉིད་ཆེན་པོ་འདིའི་རྩེ་གདོང་དུ་ཕེབས་ནས། སླར་ཡང་དགུང་ལོ་བཅུ་བགྲང་ཙམ་བཞེས་པ་ན་གདན་ས་ཆེན་པོར་ཕེབས་ཏེ། དེ་དུས་གདན་སའི་ཤར་ཕྱོགས་འཕྲང་རིང་གི་མགོར་ཕེབས་པ་ན། ཆུ་མིག་རྫིང་ཁ་ཕྱོགས་ཀྱི་མཆོད་རྟེན་མང་པོ་ཞིག་པའི་ནག་སྲོལ་ལེ་བ་དེ་གཟིགས་པ་དང་། བདག་ཉིད་ཆེན་པོ་འདིའི་ཐུགས་དགོངས་ལ། ཀྱེ་མ་བདུད་སྤྲུལ་རྣམས་ཀྱི་བྱེད་པས་སྡེ་མང་པོ་ཞིག་རལ་དུ་སོང་འདུག འདི་ཐམས་ཅད་ཞིག་གསོས་བྱས། གཙུག་ལག་ཁང་རྣམས་དང་། སྡེ་འདི་ཚགས་སུ་བཅུག་སྟེ་ཁྲ་ཆེམ་མེ་བ་ཞིག་ངེད་ལ་ནམ་ཡོང་ངམ་སྙམ་པའི་ངེས་འབྱུང་དང་། ལྷག་བསམ་ཡིད་ལ་ནན་ལྟར་གཅགས་པ་ཞིག་བྱུང་ཞེས་བདག་ཉིད་ཆེན་པོ་རང་གིས་ཡང་ཡང་གསུངས་སོ་ཞེས་གྲགས་ཤིང་། དེ་ནས་ས་ལོ་ཆེན་པོའི་དྲུང་དུ་བཞུགས་ཏེ། དེའི་སྐབས་ནས་རྗེ་འདི་དགུང་ལོ་བཅུ་བདུན་བཞེས་པ་ཚུན་ཆད་དུ་ས་ལོ་ཉིད་དང་འབྲལ་མེད་དུ་བཞུགས་ནས་གོང་དུ་བསྟན་པའི་ཟབ་ཆོས་རྣམས་ཀྱང་གསན་པར་མཛད་ཅིང་། ས་ལོ་ཉིད་ཕྱོགས་སུ་འགྲོ་དོན་ལ་ཕེབས་པའི་ཚེ་ཡང་ཞབས་ཕྱིར་འབྲངས་ཏེ་དབང་རྗེས་གནང་སོགས་གནང་བའི་མཆོད་གཡོག་རྒྱུན་པར་མཛད། གདན་ས་ཆེན་པོར་བླ་མ་གོང་མའི་སྒྲུབ་མཆོད་དང་། གཏོར་བཟློག་སོགས་ཀྱི་ཆག་ཕྱིར་ཡང་རྒྱུན་པར་ཕེབས་ཏེ་དབྱངས་རོལ་ཕྱག་རྒྱའི་གར་འཆམས་སོགས་