R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༧ན
[A:༢༤༧ན]ལ། ཡང་བདག་ཉིད་ཆེན་པོ་འདིས་བདག་ཆེན་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་ཡང་དགེས་པ་རྡོ་རྗེའི་དབང་སོགས་དབང་གི་རྣམ་གྲངས་འགའ་ཞིག་དང་། དཀར་མོ་ཉི་ཟླ་ལྕམ་དྲལ། བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་སོགས་གསན་ཅིང་། ཡང་སྔགས་འཆང་བླ་མ་རང་ཉིད་ཀྱི་ཡབ་འཇམ་དབྱངས་ནམ་མཁའ་དོན་གྲུབ་ཚེ་བརྟན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་དགེས་པ་རྡོ་རྗེའི་དབང་སོགས་དབང་གི་རྣམ་གྲངས་དུ་མ་ཞིག་དང་། གཤེད་དམར་སྤྲོས་མེད་ཀྱི་ཁྲིད་སོགས་གྲོལ་བྱེད་ཁྲིད་ཀྱི་རྣམ་གཞག་ཁ་ཡར་དང་། གཞན་ཡང་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དམར་པོ་སྐོར་གསུམ་སྒྲུབ་པའི་ཕྱག་ལེན། དེའི་ཡིག་སྐོར་སོགས་མདོར་ན་ཟབ་མོ་དམ་པའི་ཆོས་ཀྱི་ཕྱག་ལེན་ཕྲ་མོ་འགའ་ཞིག་གི་ཕྱག་ཁྲིད་རྣམས་ཀྱང་གསན་ཅིང་། ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲུང་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་ཁྲིད་གླེགས་བམ་གྱི་ལུང་དང་བཅས་པ་དང་། གསུང་ངག་བླ་མ་བརྒྱུད་པའི་རྣམ་ཐར་ཐོར་བུ་བ་རྣམས་ཀྱི་ལུང་། གཞན་ཡང་གཤེད་དམར་ལྷ་ལྔའི་དབང་། རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་དང་། དེའི་སྐོར་ལ་རྣལ་འབྱོར་དབང་ཕྱུག་གིས་མཛད་པའི་སྤྲོས་མེད་རྡོ་རྗེའི་ཚིག་རྐང་སོགས་རྒྱ་གཞུང་ཚད་ལྡན་དུ་མའི་ལུང་དང་། རྗེ་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས་བདུད་རྩིའི་བུམ་པ། དཀྱིལ་ཆོག་བདུད་རྩིའི་ཆུ་རྒྱུན་སོགས་བོད་གཞུང་ཚད་ལྡན་མང་པོའི་ལུང་སོགས་མདོར་ན་རྗེ་དེ་ཉིད་ཀྱི་དྲུང་དུ་གཤིན་རྗེ་གཤེད་དམར་པོའི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་