R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༦བ
[A:༢༤༦བ]ཆ་ལག་དང་བཅས་པ་དང་། དེའི་རྒྱབ་བརྟེན་གསུང་ངག་གླེགས་བམ་དཀར་ཆག་ནང་བཞིན་གྱི་ལུང་དང་། པོད་དམར་མ་དཀར་ཆག་ནང་བཞིན་གྱི་ལུང་དང་། གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་སོགས་རྗེས་གནང་གི་རྣམ་གྲངས་བཅུ་ཕྲག་གཉིས་ཙམ་དང་། དེ་དག་གི་རྒྱབ་བརྟེན་གྱི་ལུང་དུ་རྒྱ་བོད་ཀྱི་མཁས་པ་དུ་མས་མཛད་པའི་གསུང་རབ་དང་། གཞན་ཡང་ས་ལོ་ཉིད་ཀྱི་གསུང་འབུམ། རྡོ་རྗེ་འཆང་གི་བཀའ་འབུམ། སེམས་དཔའ་ཆེན་པོའི་བཀའ་འབུམ། ཀུན་མཁྱེན་གྱི་བཀའ་འབུམ། འཇམ་དབྱངས་སངས་རིན་གྱི་བཀའ་འབུམ། གློ་བོ་མཁན་ཆེན་གྱི་བཀའ་འབུམ་རྣམས་ཀྱི་ལུང་དང་། གཞན་ཡང་དག་ལྗོན་སྐོར་གསུམ་གྱི་ལུང་བཤད། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བའི་ལུང་བཤད་སོགས་དང་། གཞན་ཡང་བླ་མའི་རྣམ་ཐར་དང་། གསོལ་འདེབས་བསྟོད་པའི་ལུང་སོགས་མདོར་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། རྩ་བའི་བླ་མ་རྣམས་ཀྱི་ནང་ནས་ཀྱང་ཆོས་རྗེ་འདི་ཉིད་ལ་མཆོག་ཏུ་འཛིན་པ་ཡིན་ཏེ། སྔགས་འཆང་ཉིད་ཀྱི་གསུང་ལས། བླ་མ་ཀུན་འདུས་ཀུན་དགའ་བསོད་ནམས་དང་། །ཞེས་པ་དང་། ས་ལོ་ཆེན་པོའི་ཞབས་དྲུང་སྐྱེ་ཕྱིར་བྲིས། །ཞེས་གསུངས་པ་དང་། གཞན་ཡང་ས་ལོ་ཉིད་དང་སྐད་ཅིག་ཀྱང་འབྲལ་བ་མེད་པའི་ཐུགས་གདོང་མཐོན་པའི་ངང་ནས། ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཅི་མཛད་ཀྱང་དེ་དང་དེའི་དོན་ཐོགས་མེད་དུ་འགྲུབ་ཅིང་། དུས་ཕྱིས་ཀྱང་དངོས་དང་འོད་གསལ་ཆེན་པོའི་ངང་དུ་ས་ལོ་ཉིད་བྱོན་ནས་ཕྲ་རགས་ཀྱི་ལུང་བསྟན་རྣམས་སྒྲིབ་མེད་དུ་འབྱུང་བ་ཡིན་ཞེས་གྲགས་