R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥ན
[A:༢༥ན]པས་ཡི་དམ་ལྷའི་ཞལ་གཟིགས་པ་དང་། ཆོས་ཐམས་ཅད་ལ་མངའ་བརྙེས་པ་དང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་ལ་ཐོགས་པ་མི་མངའ་བ་ཡིན་ནོ། །དེ་ཡང་གོང་དུ་བཤད་པ་ལྟར་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་བའི་སྐབས་དེར་འཕགས་པ་མི་གཡོ་བ་དང་། རྗེ་བཙུན་མ་སྒྲོལ་མ་གཉིས་ཀྱིས་ཀྱང་ཞལ་གཟིགས་ཤིང་བར་ཆད་བསལ་བ་དང་། གཞན་ཡང་མཧཱ་ལོ་ཙཱ་བ་སྐུ་གཤེགས་ནས་གུང་ཐང་དུ་བྱོན་ནས་བསྙུང་བའི་ཚེ། ཟོ་མོ་ཙི་ཙིས་སྨན་དྲངས་གདམས་ངག་བྱིན་པས་སྐུ་ཁམས་གདངས། དེ་ནས་གཡས་རུའི་གྲོང་ཆུང་དགོན་པར་བྱོན་པས་དུག་རོ་ལངས་ནས་ཟླ་བ་གཉིས་ཙམ་བསྙུང་བས། ཆོས་ཐམས་ཅད་བརྗེད་ནས་གཅིག་ཀྱང་མེད་པར་སོང་སྟེ། གྲོགས་གཅིག་ལ་དྲི་ས་ཡང་མེད། རྒྱ་གར་དུ་ཕྱིན་ཡང་རྒྱ་གར་ན་ཡང་ཇི་འདྲ་ཡོད་ཆ་མེད་སྙམ་ནས་ཐུགས་མ་བདེ་སྟེ། ས་སྐྱར་བྱོན་ནས་བྲང་ཁང་རྙིང་པར་སྐུ་མཚམས་བཅད་ནས། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་པས་ཚུལ་འགའ་རེ་དྲན་པ་བྱུང་། དེ་ནས་རྗེ་དགོན་པ་བ་མནལ་ལམ་དུ་བྱོན་ནས་ཆོས་གསུངས་པས་མ་ལུས་པ་དྲན་པ་བྱུང་། སླར་ཡང་དགེས་སྤྲོ་དང་བཅས་གསོལ་བ་དྲག་ཏུ་བཏབ་པས། སྐབས་ཤིག་ཐོ་རངས་ཀ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ཞབས་སྐྱིལ་ཀྲུང་ཕྱག་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། གཡས་སུ་ཤར་ཕྱོགས་ནག་པོ་པ་ཞབས་སྐྱིལ་ཀྲུང་། གཡས་བ་མེན་གྱི་རྭ་དུང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། གཡོན་དུ་ག་ཡ་དྷ་ར་ན་བཟའ་དཀར་པོ་ལྡིང་གོན་མཛད་ནས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། རྒྱབ་ཏུ་ཀོ་ཊ་ལི་པ་པུས་མོ་བཙུགས་ནས་གདུགས་