R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༧ན
[A:༢༢༧ན]པས། སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་ཞིང་སྐུ་ན་གཞོན་ནུ་འདི་ལྟ་བུ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྨད་དུ་བྱུང་བ་འདི་འདྲ་བ་འབྱུང་བ་ནི་ངེས་པར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཉིད་སླར་ཡང་གདུལ་བྱའི་དོན་དུ་སྐུ་སྐྱེ་བ་བཞེས་པ་ཡིན་ཡང་དག་གོ་ཞེས་མཁས་པའི་སྐྱེ་བོ་རྣམས་ཀྱིས་མཆོག་ཏུ་བསྔགས་པའི་གནས་སུ་གྱུར་བ་ཞིག་གོ་ཞེས་གྲགས་ཏེ། ཇི་སྐད་དུ། འཛིན་མའི་ཁྱོན་འདིར་འཇམ་དབྱངས་སྤྲུལ་པའི་སྐུ། །རིམ་པར་བྱོན་པའི་དཔལ་ལྡན་ས་སྐྱ་ཞེས། །གྲགས་པའི་རྔ་ཆེན་སྲིད་ན་གསལ་བ་དེར། །བཅུ་གཉིས་བཞེས་ཚེ་བཤད་པའི་དགའ་སྟོན་བསྒྲུབ། །སྐུ་ནི་འཁོར་ཚོགས་དབུས་ན་ཟླ་ལྟར་བརྗིད། །གསུང་ནི་ཚངས་པའི་དབྱངས་ལྟར་དལ་དོད་སྙོམས། །ཐུགས་ནི་ཤེས་བྱའི་གནས་ལ་གསལ་བར་འཇུག །ཡོན་ཏན་སྐྱེ་བོ་ཀུན་གྱི་ཁ་ན་རྒྱུ། །ཞེས་པ་ལྟར་རོ། །དེ་ནས་དགུང་ལོ་བཅུ་བཞི་པ་ས་ཕོ་རྟའི་ལོ་གཞི་ཐོག་གི་གདན་ས་མཛད་ནས་བསྟན་པའི་བདག་པོར་མངའ་གསོལ་ཞིང་སླར་ཡང་རྩེ་གདོང་དུ་ཕེབས་ནས་རྭ་དཔོན་ཡོན་ཏན་འབྱུང་གནས་ལ་འདུལ་བ་མདོ་རྩ་བ་འདུལ་བ་མེ་ཏོག་ཕྲེང་བརྒྱུད། རྒྱལ་བའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་གྱི་བསྟན་བཅོས་རིགས་པའི་གཏེར། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་སོགས་སྡེ་སྣོད་གཙོར་གྱུར་པའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ལུང་རིགས་ཀྱི་མཐའ་དཔྱོད་དང་བཅས་ཏེ་ལེགས་པར་གསན་ཅིང་འབེལ་བའི་གཏམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ལ། དེ་དུས་སྔ་དྲོ་ཇ་སྦྱོར་རེ་ཙམ་གྱི་བར་ལ་ཤོག་བུ་མདའ་ཚད་བདུན་ཙམ་རེ་ཟིན་པ་ཡང་བྱས་ཞེས་གསུངས་