R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣ན
[A:༢༣ན]གདམས་ངག་རྫོགས་ཏེ་སྒྲུབ་པ་ལུང་སྦྱིན་པའི་དུས་སུ། ལོ་བཅོ་བརྒྱད་ཀྱི་བར་དུ་ཆོས་འདི་གཞན་ལ་ལུང་སྦྱིན་པ་དང་སྟོན་པ་ལྟ་ཞོག འདི་འདྲ་ཡོད་པ་དང་ཤེས་པའི་མིང་ཙམ་ཡང་མ་འདོན། ཡི་གེར་ཡང་མ་འབྲི། དེ་ནས་གཞན་ལ་འཆད་དམ། ཡི་གེར་འབྲིའམ་གང་བྱེད་ཀྱང་ཁྱེད་རང་ཆོས་ཀྱི་བདག་པོ་ཡིན་གསུངས་ནས་བཀའ་རྒྱས་བཏབ། སྤྱིར་ཁྱེད་ཀྱིས་སྒྲུབ་པ་གཙོ་བོར་བྱས་ན་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཉན་བཤད་བྱས་ན་གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་འགྱུར་ཞིང་། ཁྱད་པར་དུ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་པ་གསུམ། བཟོད་པ་ཐོབ་པ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ་ཙམ་འབྱུང་ཞེས་ལུང་བསྟན་ནོ། །དེར་བླ་མས་ལོ་བཅོ་བརྒྱད་དུ་བསྙེལ་གྱིས་དོགས་པས་ཟླ་བ་རེ་ལ་གསུང་ངག་མ་ལུས་པ་བཤད་པའི་བསམ་མནོ་ཚར་རེ། ཉིན་ཞག་རེ་ལ་རྡོ་རྗེའི་ཚིག་རྐང་དྲུག་གམ་བདུན་འདོན་པའི་དམ་བཅའ་མཛད་ནས་བྱོན། དེ་ལྟར་བླ་ཆེན་གྱི་སྐུ་ཚེའི་སྟོད་ཡན་ཆད་དུ་བཀའ་རྒྱ་མ་ཚང་བའི་སྟོབས་ཀྱིས་ཡི་གེ་མེད་པས་གསུང་ངག་རིན་པོ་ཆེ་འདི་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ཡིན་ནོ། །དེ་ནས་བཀའ་རྒྱ་ལོ་བཅོ་བརྒྱད་ཐིམ་པ་དང་། བླ་མ་ཨ་སེང་གིས་ལམ་འབྲས་ཁུངས་ཆོད་ནས། ཉིད་ལ་གསུང་ངག་རིན་པོ་ཆེ་མངའ་བ་གདའ་བ་ལ་སྔར་ཡོད་ཀྱང་མི་གསུང་པ་འདུག ད་རེས་ཚར་གཅིག་གསུངས་པ་དང་ཡི་གེ་ཞིབ་པ་ཅིག་ཀྱང་མཛད་པ་ཞུ་ཞུས་པས། དེར་བཀའ་རྒྱ་ཐིམ་པ་དང་ཁོང་གིས་ཞུས་པ་འཛོམ་པས། བླ་མས་རྟེན་འབྲེལ་བསྒྲིགས་པ་ཡིན་དགོངས་ནས་བླ་མ་ཨ་སེང་ལ་ཚར་གཅིག་