R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢བ
[A:༢༢བ]ཟབ་མོ་ཡོད་པར་འདུག་དགོངས་ནས་ཤིན་ཏུ་ཐུགས་ཆེས་གསུངས། དེ་ནས་དབང་དང་གདམས་ངག་ཞུས་ཏེ་སྔོན་འགྲོའི་ཁྲིད་ཚར་ནས། ནང་པར་ནས་གསུང་ངག་གསུངས་པའི་ནུབ་མོ་རྗེའི་ལྗགས་སྐྲངས་ཏེ་བསྙུངས་ནས་ཆོས་གསུངས་པ་མ་བྱུང་བས། རྗེའི་ཞལ་ནས་འོ་སྐོལ་གཉིས་ཀྱི་བར་ན་དམ་ཚིག་གི་ཉེས་པ་ཅིག་ཡོད་པར་འདུག་པས་མཎྜལ་ཕུལ། ཡི་གེ་བརྒྱ་པ་གྲོངས་ཤིག་གསུངས་པ་དང་། བླ་ཆེན་གྱི་ཐུགས་དགོངས་ལ་གཞན་ཡོང་བ་མེད། ཁ་སིང་གདམས་ངག་མེད་པ་ཡིན་ནམ་སྙམ་པ་ཅིག་བྱུང་བ་དེས་ཡིན་ནམ་སྙམ་སྟེ། དེ་ལ་དམིགས་ནས་མཎྜལ་ཕུལ། ཡི་གེ་བརྒྱ་པ་མང་དུ་བགྲངས་པས་ཕན་གསུངས། མན་ངག་ཀྱང་ཁོང་གིས་གནང་བ་ལ། ཇོ་མོས་ཁོང་ལ་གདམས་ངག་མྱུར་དུ་བྱིན་མཛོད་བྱས་པས་ཁོང་ཐུགས་ཟབ་པས། ཅི་ཟེར་གདམས་ངག་ཟབ་མོ་ལ་ཁྱི་དང་གློ་བ་འཕྲད་པ་བཞིན་ཅི་ཐོད་ཐོད་དུ་གཏོང་ངམ་གསུངས་ནས་རིམ་གྱིས་གནང་། དེར་དབྱར་དགུན་བཞི་ལྷག་ཙམ་བཞུགས་ཏེ་གདམས་ངག་ཞུས་པས། བླ་མ་དཀོན་མཆོག་རྒྱལ་པོ་བླ་མ་སེའི་སློབ་དཔོན་ཡིན་པས་བརྒྱུད་པའི་དམ་ཚིག་དགོངས་ནས་གསུང་ངག་རིན་པོ་ཆེ་མ་ལུས་པར་གནང་། མདོར་ན་ལམ་སྐོར་དགུ། ཕྲ་མོ་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་ཡང་ཡན་ལག་དུ་མ་དང་བཅས་པ་དང་། གསུང་ངག་གི་རྒྱབ་རྟེན་ཀྱེ་རྡོ་རྗེ་རྒྱུད་རྐྱང་གི་བཤད་པ་ཤིན་ཏུ་ཟབ་པའི་ལུགས་དང་། གསང་འདུས་རྩ་རྒྱུད། མཉམ་སྦྱོར་རྩ་རྒྱུད། ཀྱེ་རྡོ་རྗེའི་རྩ་རྒྱུད། བདེ་མཆོག་རྩ་རྒྱུད། གདན་བཞི་རྩ་རྒྱུད། མཧཱ་མཱ་ཡཱ་དང་། མཚན་བརྗོད་ཤིན་ཏུ་ཟབ་པའི་བཤད་སྲོལ་རྣམས་ཀྱང་གསན་ནས་ཐུགས་སུ་ཆུད་པར་མཛད་དོ། །