R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༦ན
[A:༢༡༦ན]གསུང་ཤོག་ཁྲ་གདན་རྒྱལ་ཡུམ་བསོད་ནམས་ལེགས་འཛོམ་དཀར་མོའི་ཕྱག་བྲིས་ངོས་མ་ཞིག་འདུག་པ་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། དེ་ལྟར་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དགོངས་པ་བཞིན། བདག་ཆེན་པ་ཉིད་གདན་ས་ཆེན་པོར་ཕེབས་པའི་ཁུ་དབོན་མཇལ་འཕྲད་གནང་ནས་ཆེ་འདོན་དང་རྟེན་མཇལ་སོགས་གནང་གྲུབ་པ་ཞིག བདག་ཆེན་པ་འདི་མཛད་པ་འཕྲིན་ལས་རྒྱ་ཆེ་བས་མ་བྱུང་ཡང་། སྔགས་འཆང་ཆེན་པོ་ཞིང་གཞན་དུ་གཤེགས་པའི་རྗེས་སུ་འཇམ་པའི་དབྱངས་སྐུ་མཆེད་གཉིས་ཀྱི་དྲུང་དུ་བདག་ཆེན་འདི་ཉིད་ཀྱིས་སླར་ཡང་སྔགས་འཆང་ཆོས་ཀྱི་རྒྱལ་པོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞུ་ཡིག་དང་མི་སྣ་སོགས་གནང་བ་ལ་བརྟེན་ནས། འཇམ་པའི་དབྱངས་མཆེད་གཉིས་ཀྱིས་ཀྱང་བདག་ཆེན་འདིའི་དགོངས་བཞེས་ལྟར། འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་སློབ་འཁོར་གྱི་ཚོགས་དང་བཅས་ཏེ་མདོ་ཁམས་ཕྱོགས་སུ་རྫོང་ལྟར་ཕུན་སུམ་ཚོགས་པ་མཛད་དེ། འདབ་འདོབ་ས་དཀར་གཉིས་ཀྱིས་གཙོས་པའི་དགོན་ཆེ་ཆུང་གྲྭ་བུ་སློབ་སྦྱིན་བདག་དང་བཅས་པའི་ཞལ་བདག་དང་། གདུང་སྲས་སྤེལ་བ་སོགས་ཀྱི་སྒོ་ནས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་ཁམས་ཕྱོགས་ཀྱི་ས་སྐྱ་པའི་བསྟན་པ་འཛིན་པའི་སླད་དུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད་དེ། བདག་ཆེན་འདི་དང་མཇལ་སྐབས་ཆོས་དང་མཐུན་པའི་གསུང་གླེང་མང་དུ་མཛད་པས། རྗེ་འདི་ཐུགས་ཤིན་ཏུ་དགེས་པ་ཆེན་པོའི་ངང་ནས་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་ལ་ཟང་ཟིང་གི་གནང་སྐྱེལ་རྒྱ་ཆེན་པོ་སྩལ་ཞིང་། དེ་ནས་འཇམ་དབྱངས་མཐུ་སྟོབས་མཚན་ཅན་ཉིད་ཀྱིས་མདོ་ཁམས་