R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༥བ
[A:༢༡༥བ]རྫོགས་པ་ཞིག་བྱུང་དོགས་བློ་མཛངས་ཙམ་ཡོང་གིས་འདུག་པ། དེ་ག་ནས་བཤོམ་ལྡན་ཆེ་བའི་ཐུགས་འཁོས་མཛད་ན་སྔར་བཞིན་ཕྱག་ཐོག་མི་ཁེལ་བས། བྱ་བྲལ་འགྲོས་ཀྱི་ཕེབས་ལུགས་མཛད་ན་དོན་འགྲུབ་པ་ཅིག་ཡོང་བས་དགོངས་ཞུགས་འཚལ། འདི་ན་ཡང་བྱ་བྲལ་ལྟ་བུ་མ་གཏོགས་འཁོས་ཁྱེར་གང་ཡང་མེད་ནའང་། ངེད་རང་ཞལ་ངོ་ནང་གཙང་ཁོ་ན་ཡིན་པས་མཉམ་བཟའ་མཉམ་འཐུང་ངོས་རེ་གྲོན་མེད་པའི་ཞབས་ཏོག་འགྲུབ་པ་ཞིག་ཡོང་སྙམ་པས་རི་མོ་འདི་བཞིན་ཕྱག་ཏུ་སྨིན་འཕྲལ་ནས་གྲབས་ཆུག་མཛད་པའི་ཕེབས་ལུགས་ཞུ། འདིར་བཀའ་བགྲོས་གནང་ལོང་ཡོང་བ་འདུག་ནའང་། དེ་ག་ནས་གདུང་སྤེལ་ཞིག་གནང་ན་འཕྲལ་སྣང་ངེད་བཞིན་ཅུང་མཛེས་མཚོན་ཆུང་ཙམ་བྱུང་རུང་ཕུགས་སྐུ་ཚེ་འདི་ཕྱི་ཐམས་ཅད་དུ་ཕན་ཡོན་བསམ་ལས་འདས་པ་ཅིག་ཡོང་སྙམ་པ་ཤེས་ལྡན་གཟུར་གནས་ཀུན་ལ་དྲི་བ་མཛད་ཅིང་ཐུགས་ཡུལ་དུ་བཞུགས་པ་ཞིག་ཞུ། ཞིབ་ཆ་ངོས་ཀྱི་མཇལ་ནས་འབུལ། དེར་དགོན་པ་ཚོའི་ཞབས་ཏོག་ཏུ་འགྱུར་བའི་བླ་མ་སོགས་གང་སྤྱིའི་གནས་ཚུལ་མཐའ་དག་ཀྱང་དཔོན་གཉེར་གྱི་ངག་ནས་འབུལ་བ་ལྟར་ཡིན་པ་ཐུགས་ཡུལ་དུ་གཅགས་པ་ཞིག་ཞུ་ཞེས་པའི་ཐུགས་དམ་གསུང་ཤོག་མ་བུ་འདི་གཉིས་དང་བཅས་སྐུ་ཚབ་མི་སྣའི་ངག་ཏུ་ཡང་འདས་མ་འོངས་ཀྱི་བསླབ་བྱ་ཕྲ་རགས་དཔག་ཏུ་མེད་པ་ཞིག་སྩོལ་བར་མཛད་པ་ཡིན་ལ། འདི་ལྟ་བུའི་སྔགས་འཆང་ཆོས་ཀྱི་རྒྱལ་པོས་བསྟན་པ་ལ་དགོངས་པའི་ཐུགས་དམ་གསུང་ཤོག་ནང་གི་ཚིག་རིགས་རེ་རེ་ལ་བསམས་ཀྱང་། བློ་ལྡན་གཟུར་གནས་རྣམས་དྭང་འདོད་ཀྱི་དད་པ་དབང་མེད་དུ་སྐྱེ་བའི་རྒྱུར་འགྱུར་བ་འདུག་སྙམ་ནས་