R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༦བ
[A:༢༡༦བ]ཕྱོགས་སུ་འཕྲིན་ལས་རྒྱ་ཆེན་པོ་ཞིག་སྐྱོང་བར་མཛད་ནས། གླང་གི་ལོ་དབུས་གཙང་དུ་འཇམ་པའི་དབྱངས་སྐུ་མཆེད་གཉིས་དང་། རྒྱལ་ཡུམ་དམ་པ་ལྷ་གཅིག་བསོད་ནམས་རྒྱལ་མོ་སོགས་མཇལ་བར་ཕེབས་སྐབས། ཡུམ་བཀའ་དྲིན་ཅན་དེ་ཉིད་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་གློ་བུར་དུ་གཤེགས་ནས་མ་མཇལ་ཀྱང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་མཆེད་གཉིས་སོགས་ཞལ་ངོ་བགྲེས་གཞོན་རྣམས་དང་དགེས་པར་མཇལ་ནས། སླར་ཡང་སྟག་གི་ལོ་ལ་ཁམས་ཕྱོགས་སུ་བདག་ཆེན་འདིའི་དྲུང་དུ་གདན་བཏེག་སྟེ་རིམ་གྱིས་ཕེབས་པ་ན་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་ཉིད་འཕྲིན་ལས་རྒྱ་ཆེས་པས་ལམ་བར་རྣམས་སུ་ཕེབས་འགོར་ཆེ་བ་ཙམ་བྱུང་སྟེ། ཁམས་ཀྱི་སའི་ཆ་སྤོར་ཡིད་འོང་བྱ་བར་ཕེབས་པ་ན། བདག་ཆེན་འདི་སྐུ་ཁམས་ཅུང་མ་བདེ་བའི་གནས་ཚུལ་རྣམས་གསན་ནས། མྱུར་བར་བདག་ཆེན་པ་འདིའི་ཞབས་དྲུང་དུ་ཕེབས་ཏེ། ཞལ་མཇལ་སྐབས་རྗེ་འདིའི་གསུང་གིས། འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་ལ། སྔོན་བདག་ཆེན་འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་སྐུ་མཆེད་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག ཁྱད་པར་རང་རེ་ས་སྐྱ་པའི་སྡེ་དགོན་པ་མཆོད་གཞིས་སོགས་རྒྱ་དཔངས་མི་ཆུང་ཙམ་ཁམས་ཕྱོགས་འདིར་ཡོད་པ་རྣམས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རྒྱུན་བཟང་པོ་དེ། ངེད་རང་ངོས་ནས་གོང་འཕེལ་དུ་སྤྱི་འགྲོའི་ཐབས་འཁོས་བྱས་པའི་ལུགས་ཡིན། ད་ཕྱིན་ཆད་ས་སྐྱ་པའི་ཁམས་ཕྱོགས་ཀྱི་བསྟན་པ་སྡེ་དགོན་གྲྭ་བུ་སློབ་དང་བཅས་པའི་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་ཡོང་ཁྱེད་མཐུ་སྟོབས་པ་ལ་རག་ལས་པས་ཁྱེར་ཁ་བསྐྱེད་དགོས་