R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༡བ
[A:༢༡༡བ]དབེན་ཀུན་དགའ་རིན་ཆེན་གྱི་དྲུང་དུ་རབ་བྱུང་མཛད། ཆོས་རྗེ་གཟུངས་ཀྱི་དཔལ་བའི་དྲུང་དུ་ཡབ་ཆོས་ལ་སྦྱངས་པས་ཕྱིན་ཅི་མ་ལོག་པ་མཁྱེན་ཅིང་། ཁྱད་པར་ཆོས་སྐྱོང་གི་སྐོར་ལ་ཤིན་ཏུ་མངའ་བརྙེས། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ཞེས་བྱ་བ་ལ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གསན་སྦྱོང་མཛད་པས་ཕུལ་དུ་ཕྱིན་པ་མཁྱེན་ནས། བཤད་གསར་དང་ཆེ་འདོན་གཅེན་དྷརྨཱ་དྷྭ་ཛ་དང་མཉམ་དུ་མཛད་ཅིང་། གདན་ས་ཆེན་པོའི་ཚོགས་དབོན་དང་། བསྟན་པའི་བྱ་བ་འཆད་ཉན་སོགས་ཡུན་རིང་པོའི་བར་དུ་མཛད་ཅེས་བཤད་ལ། དེ་ནས་བར་སྐབས་སུ་སྐྱིད་གྲོང་ཕྱོགས་ལ་འགྲོ་བའི་དོན་ལ་ཕེབས་ཏེ། མངའ་བདག་པས་གཙོ་བྱས་པའི་མངའ་རིས་ཀྱི་སའི་ཆ་ལ་གནས་པའི་སྐྱེ་བོ་ཀུན་གྱིས་དམ་པའི་ཆོས་ཀྱི་བཀའ་དྲིན་ཐོབ་ནས། ཟང་ཟིང་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། དེ་ཐམས་ཅད་ཀྱང་དཀོན་མཆོག་གི་ཞབས་ཏོག་དང་སྐྱེ་བོ་ཕལ་པ་རྣམས་ཀྱི་དོན་ཁོ་ན་མ་གཏོགས་པ་རང་དོན་དུ་ཅུང་ཟད་ཀྱང་མི་འཛིན་ཅིང་། དེ་ལ་སོགས་པའི་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་དེ། དེ་ནས་དུས་ཕྱིས་དབེན་གནས་མན་ལུང་བྲག་དཀར་ཞེས་བྱ་བར་ཐུགས་དམ་ལ་བཞུགས་པའི་རིང་ནས་དགུང་ལོ་ང་གསུམ་བཞེས་པའི་ཚེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཅིང་། སློབ་དཔོན་ཆེན་པོ་བསོད་ནམས་བཀྲ་ཤིས་ ཡང་བདག་ཉིད་ཆེན་པོ་འདིས་ཡབ་ཏ་དབེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་བཙུན་མོ་གསུམ་ཁབ་ཏུ་བཞེས་པའི་གསུམ་པ། ཕ་མིང་ལྷོ་པ་དཔོན་ཆེན་འོད་ཟེར་སེང་གེའི་སྲས་མོ། མིང་མ་གཅིག་དཔལ་ལྡན་འབུམ་ཞེས་ཀྱང་གྲགས་ཤིང་། མིང་གཞན་དཔོན་མོ་སྲས་པ་ཞེས་གྲགས་པ་དེ་ལ་སྲས་སློབ་དཔོན་ཆེན་པོ་བསོད་ནམས་