R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༡ན
[A:༢༡༡ན]ཡབ་མེས་ཀྱི་ཆོས་རྣམས་ལ་ལེགས་པར་སྦྱངས་པས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད། གཞན་ཡང་སློབ་དཔོན་བསོད་ནམས་དཔལ་ཞེས་བྱ་བ་གུས་པས་བསྟེན་ནས་རིགས་པའི་གཞུང་ལུགས་ཀྱི་གཙོ་བོ་ཚད་མ་རྣམ་འགྲེལ་བསླབས་ནས། བཤད་པ་དང་། ཆེ་འདོན་མཛད་པ་ལ་སོགས་པ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས་སྙན་གྲགས་གོང་མ་རྒྱལ་པོས་ཀྱང་ལེགས་པར་ཐོས་ནས། ཐོག་མར་གུ་ཤྲཱིའི་མཚན་དང་གསེར་དམ་ཕུལ་ཏེ། བར་སྐབས་སུ་མདོ་ཁམས་སུ་གདན་དྲངས་པ་ན་བདག་ཉིད་ཆེན་པོ་འདིས་ཀྱང་གནས་དེར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས། དེའི་རིང་ལ་མེ་ཏོག་གི་ཆར་ཆེན་པོ་ཕབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་ལ་བརྟེན་རྒྱལ་བློན་འབངས་དང་བཅས་པ་ཐམས་ཅད་དད་པ་དང་གུས་པ་ཆེན་པོས་ཡིད་རབ་ཏུ་གཡོས་པར་གྱུར་ཏེ། ཟང་ཟིང་གི་དངོས་པོ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་དེ་ཐམས་ཅད་ཀྱང་བདག་ཉིད་ཆེན་པོ་འདིས་དགེ་འདུན་དང་། བླ་མ་དཀོན་མཆོག་གི་ཞབས་ཏོག་ཁོ་ན་མཛད་དེ། དེ་ཡང་གདན་སའི་ཚོགས་སུ་ཇ་སིགས་བརྒྱ་སུམ་ཅུ་ཙམ་གྱི་འགྱེད་དང་། གཞན་ཡང་དགེ་འདུན་རེ་རེ་ལ་གསེར་རྐྱང་ཞོ་རེའི་འགྱེད་བཟང་པོ་མཛད་པ་ལ་སོགས་པ་བསྟན་པ་རིན་པོ་ཆེའི་བྱ་བ་རྒྱ་ཆེར་མཛད་ནས། དགུང་ལོ་ཞེ་དྲུག་པ་ས་ཕོ་བྱི་བའི་ལོ་ལ་དཔལ་ས་སྐྱའི་གནས་མཆོག་བླ་བྲང་ཁང་གསར་ཞེས་བྱ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་ཤིང་། རྡོ་རྗེ་རིན་ཆེན་རྒྱལ་མཚན། དེའི་གཅུང་རྡོ་རྗེ་རིན་ཆེན་རྒྱལ་མཚན་ཞེས་བྱ་བ་ཆུ་མོ་སྦྲུལ་གྱི་ལོ་སྐུ་འཁྲུངས་ཤིང་། འདི་ཡང་སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ཏ་