R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༢ན
[A:༢༡༢ན]བཀྲ་ཤིས་ཞེས་བྱ་བ་ཆུ་ཕོ་འབྲུག་གི་ལོ་ལ་སྐུ་འཁྲུངས་ཤིང་འདི་ཡང་གཞི་ཐོག་པ་ཀུན་དགའ་རིན་ཆེན་པ་དང་། མ་ཏི་པཎ་ཆེན་ལ་རབ་བྱུང་ཞུས་ཏེ། ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་མང་པོ་གུས་པས་བསྟེན་ནས་ཡབ་ཆོས་རྣམས་ལ་སྦྱངས་པ་རྒྱ་ཆེན་པོ་དང་། ཁྱད་པར་ཚད་མ་རིག་པའི་གཞུང་ལུགས་ཀྱི་གཙོ་བོ་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལ་མཁས་པའི་ཕུལ་དུ་ཕྱིན་པ་མཁྱེན་ནས་ཆེ་འདོན་མཛད་ཅིང་ཚོགས་ཆེན་པོར་ཚོགས་ཆོས་ཀྱང་མང་དུ་གསུངས་ཏེ། འཆད་ཉན་ལ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པ་ལ་བརྟེན། གོང་ནས་ཀྱང་རྒྱལ་པོ་ཆེན་པོས་ལུང་མཚན་དམ་ཁ་དང་བཅས་པ་ཕུལ་ཞིང་། བོད་དུ་ཆེ་བར་གྲགས་ཤིང་ངོ་མཚར་བའི་རྒྱང་གི་འབུམ་མོ་ཆེ་བཞེངས་པ་ལ་སོགས་པ་མཛད་པ་རྒྱ་ཆེན་པོ་ཞིག་མཛད་ནས། དགུང་ལོ་ང་དྲུག་པ་ལ་ལྷར་རྩེར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བདེ་བར་གཤེགས་སོ། ། སློབ་དཔོན་ཆེན་པོ་བདེ་ལེགས་བཀྲ་ཤིས་ དེ་ལྟར་ཏ་དབེན་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ལ་སྲས་སྐུ་མཆེད་བཞི་འཁྲུངས་པའི་ནང་ནས། བདག་ཆེན་བསོད་ནམས་བཀྲ་ཤིས་དཔལ་བཟང་པོ་ཞེས་བྱ་བས་བྱང་པ་གུའི་གུང་ཆོས་གྲགས་དཔལ་གྱི་ལྕམ་མོ་མ་གཅིག་ནམ་པ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་སློབ་དཔོན་ཆེན་པོ་བདེ་ལེགས་བཀྲ་ཤིས་ཞེས་བྱ་བ་ས་ཕོ་བྱི་བའི་ལོ་ལ་འཁྲུངས་ཏེ། གྲུབ་པའི་མཚན་མ་བརྙེས་པ་ཞིག་བྱུང་བར་གྲགས་ཤིང་། མཁས་བཙུན་ཆེན་པོ་ཀུན་དགའ་བཀྲ་ཤིས། འདིས་བཙུན་མོ་གཅིག་བཞེས་པ་ནི་བྱང་བདག་པོའི་སྲས་མོ་སྟེ་འདི་ལ་སྲས་བསོད་ནམས་རྒྱལ་མཚན་བྱ་བ་དང་། ཤཱཀྱ་སེངྒེ་བ། དོན་གྲུབ་རྒྱལ་མཚན། བསམ་འགྲུབ་རྒྱལ་མཚན་ཞེས་བྱ་བ་དང་སྐུ་མཆེད་