R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༠བ
[A:༢༡༠བ]ཏེ། གོང་དུ་འཕོ་བའི་ཏིང་ངེ་འཛིན་གྱི་ངང་ལ་མཉམ་པར་འཇོག་པ་མཛད་དེ་རྒྱུད་སྡེ་རྣམས་ནས་བཤད་པ་བཞིན། ལྷ་དང་རིག་པ་འཛིན་པ་དང་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསུས་ནས། འཇའ་དང་། འོད་དང་། མེ་ཏོག་གི་ཆར་དང་། རོལ་མོའི་སྒྲ་དང་ལྷའི་སྤོས་ཀྱི་དྲི་ཞིམ་པོ་ལ་སོགས་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ལྟས་དཔག་ཏུ་མེད་པ་དང་བཅས་པས། རེ་ཞིག་གཟུགས་ཀྱི་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་ཅིང་། དེའི་ཚེ་དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང་། གསང་པའི་གནས་བལྟར་མི་མངོན་པ་དང་། བྱང་སེམས་གསེར་གྱི་ཁ་དོག་ལྟ་བུ་ཞལ་དང་ཤངས་ནས་བྱོན་པ་ལ་སོགས་པ་ལྟས་ཁྱད་པར་ཅན་དཔག་ཏུ་མེད་པ་བྱུང་ཞེས་གྲགས་ཤིང་། དེ་ལྟར་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ནས་ཀྱང་ཡུན་རིང་པོའི་བར་དུ་ནམ་མཁའ་ལ་འཇའ་འོད་ཁ་དོག་སྣ་ཚོགས་པ་འཁྲིགས་ཤིང་མེ་ཏོག་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་མི་འདྲ་བ་དུ་མ་རྒྱུན་མ་ཆད་པར་བབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞེས་བཤད་དོ། ། དྷརྨཱ་དྷྭ་ཛ་ དེ་ལྟ་བུའི་བདག་ཉིད་ཆེན་པོ་ཐེག་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ཡབ་ཏ་དབེན་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་དེའི་བཙུན་མོ་གཉིས་པ་ཡུལ་ཉང་སྟོད་མ། མིང་མ་གཅིག་སྲས་སྐྱབས་བྱ་བ་ལ་སྲས་སྐུ་མཆེད་གཉིས་འཁྲུངས་པའི་ཆེ་བ་དྷརྨཱ་དྷྭ་ཛ་ཞེས་བྱ་བ་ལྕགས་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས་ཏེ། སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བདག་ཆེན་ཀུན་དགའ་རིན་ཆེན་ཞེས་བྱ་བ་གཞི་ཐོག་པ་མཁས་བཙུན་ཆེན་པོའི་སྲས་དེ་ཉིད་དང་། མ་ཏི་པཎ་ཆེན་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས། དེ་ནས་ཆོས་རྗེ་གཟུངས་པའི་དྲུང་དུ་