R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༧ན
[A:༢༠༧ན]པོ་སྐུ་ཁམས་བདེ་ཞིང་ཐུགས་རིག་ཤིན་ཏུ་དྭངས་པ་ལ། དེ་ནས་ཡུན་དུ་མ་ཞིག་སོང་ཙ་ན་སྐུ་ལུས་ཐམས་ཅད་ཟི་བེར་ལངས་ནས། ཡང་མནལ་དུ་སོང་ཙ་ན་བསྙུང་གཞི་མེད་པར་སྔར་བས་ཀྱང་སྐུ་ཁམས་བདེ་ཞིང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས། དེས་རྐྱེན་བྱས་ནས་རྗེ་བཙུན་གོང་མའི་བཀའ་འབུམ་བཞེངས་པའི་འདུན་པ་བྱུང་བ་ཡིན་ཞེས་གསུངས་ཞེས་ཀྱང་གྲགས་ལ། ཡང་གནས་དེ་ཉིད་དུ་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག་མནལ་ལམ་དུ། གཡབས་ཆེན་གྱི་རྗེ་བཙུན་ཆེན་པོའི་ཆོས་ཁྲི་དེའི་སྟེང་ན་རྗེ་ས་ཆེན་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཏེ་ཡབ་སྲས་གཉིས་ཀ་བཞུགས་འདུག་པ་དང་མཇལ་ནས་ཕྱག་དང་མཆོད་པ་ཕུལ་ཏེ། དེའི་སྐབས་སུ་ཐིགས་ཁང་བྱང་མའི་སྒོ་ནང་དེ་ནས་ཁྱེའུ་གཞོན་ནུ་ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པ་རྒྱན་དུ་མས་བརྒྱན་པ་ལུས་ལས་འོད་ཟེར་འཕྲོ་བ་ཞིག་བྱུང་བ་ན། རྗེ་ས་ཆེན་གྱི་ཞལ་ནས་འདི་འུ་ཅག་གི་མི་ཡིན་པས་ངོ་ཤེས་པ་གྱིས་ཤིག་ཅེས་ངོ་སྤྲོད་བྱེད་པ་ཅིག་བྱུང་སྟེ། ཁྱེའུ་དེ་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ངེས་སུ་འདུག་ཅེས་རྗེ་ཉིད་གསུང་བར་བཤད་པ་དང་། ཡང་ལན་ཅིག་རྭ་སྒྲེང་དུ་སྐུ་མཚམས་མཛད་དུས་ཐོ་རངས་མནལ་ལམ་དུ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱི་གཟིམས་ཁང་ཡིན་ཟེར་བའི་ཁང་བཟང་དབུ་རྩེ་རྙིང་མའི་སྐོར་ལས་ཅུང་ཆེ་བ་ཞལ་བ་མདོག་སེར་པོ་ཤིན་ཏུ་ལེགས་པ་བྱས་པ་ཅིག་ན་རྗེ་ཐམས་ཅད་མཁྱེན་པའང་བཞུགས་ཏེ། དེའི་ཞལ་ནས་ཁང་པ་འདིའི་བདག་པོ་ཁྱེད་ལ་བསྐོ་བ་ཡིན་གསུངས་ནས་གནང་བ་ཅིག་བྱུང་ནས་དེའི་མོད་ལ་མནལ་སད་པ་