R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༦བ
[A:༢༠༦བ]པའི་བར་ཆད་ཐམས་ཅད་ཀྱང་རང་ཞིར་འགྲོ་བ་ལ་སོགས་པ་བྱིན་རླབས་དང་ནུས་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ཡིན་ལ། གཞན་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཕྱི་རོལ་དུ་མཁས་པའི་བྱ་བ་རྒྱུན་མི་ཆད་པ་མཛད་ཀྱང་། ནང་དུ་གསང་སྔགས་ཀྱི་ཀུན་སྤྱོད་ཁྱད་པར་ཅན་ལ་གཡེལ་བ་ཅུང་ཟད་ཀྱང་མི་མངའ་བས་བླ་མ་དང་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དགོས་པ་ཁྱད་པར་ཅན་གྱི་ཚེ་བཀའ་ནོད་པ་དང་། བསམས་ན་ཤེས་པའི་མངོན་ཤེས་མངའ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་མངའ་སྟེ། དེ་ཡང་སྐབས་ཤིག་ལྷ་ཁང་བླ་བྲང་དུ་བཞུགས་པའི་ཚེ། བསྙེན་སྒྲུབ་ཀྱི་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་རྟེན་འབྲེལ་སོགས་ལ་ཉམས་བཞེས་མཛད་པས། འཛག་པའི་གེགས་ཕྲན་བུ་བྱུང་ནས་ཐུགས་ཅུང་ཟད་མ་བདེ་བའི་ཚེ་ནམ་ལངས་ཁར་མནལ་ལམ་དུ་དམ་པ་སངས་རྒྱས་ཡིན་ཟེར་བའི་ཨ་ཙ་ར་གཟི་མདངས་ཅན་ཕྲུག་དཀར་པོའི་ན་བཟའ་གསོལ་བ་ཅིག་བྱོན་ནས། འདི་བཞིན་གྱིས་གསུངས་པའི་བརྡར་ཁོང་གི་ཞབས་གཡོན་པའི་རྟིང་པས་འོག་སྒོ་གཉིས་ཀྱི་བར་བསྡམས། གཡས་རི་ཁྲོད་ལོ་མ་གྱོན་མའི་བཞུགས་སྟེང་གི་རྟེན་བྱས་བྱུང་བས་བྱང་ཆུབ་ཀྱི་སེམས་སྟེང་དུ་རྩོལ་མེད་དུ་འདྲོངས་འོང་གིས་འདུག་པ་བཞིན་མཛད་པས་གེགས་ལས་གྲོལ་ཞིང་། ཡང་ས་སྐྱའི་དབུ་རྩེ་རྙིང་མར་སྐུ་མཚམས་ལ་བཞུགས་ཙ་ན་སྐབས་ཤིག་ཐོ་རངས་ཁ་མནལ་ལམ་དུ། རྗེ་ས་སྐྱ་པ་ཆེན་པོ་དང་མཇལ་བའི་ངང་ལ་རྗེ་ས་ཆེན་བདག་ཉིད་ཆེན་པོ་རང་གི་ཐུགས་ཀར་ཐིམ་པར་གྱུར་ཏེ་དེའི་མོད་ལ་མནལ་སད་ཙ་ན། དང་