R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༧བ
[A:༢༠༧བ]ན། བདག་ཉིད་ཆེན་པོ་འདིས་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་བཏབ་པས། རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དེ་ཉིད་ན་བཟའ་ཇུས་དུར་ཁའི་ཟླ་གམ་གསོལ་བ། དབུ་ཞྭ་ལྟེབས་ཞྭ་མཛད་པ་གསལ་པོ་མངོན་སུམ་དུ་བྱོན་ནས། ཆོས་ཀྱི་སྒོ་དུ་མ་སྟོན་པ་ལ་སོགས་པ་བྱིན་རླབས་ཀྱི་འཇུག་སྒོ་ངོ་མཚར་བ་འགའ་ཞིག་བྱུང་ཞེས་གསུངས་ཤིང་། དེའི་ཉིན་པར་ཉན་པོ་བའི་གདན་འདྲེན་བྱུང་བ་ལ། མནལ་ལམ་གྱི་རྟེན་འབྲེལ་སོགས་ཀྱིས་ཕེབས་པའི་ཞལ་བཞེས་གནང་བ་ཡིན་ཞེས་གསུངས་ཤིང་། ཡང་ཕྱིས་ལྷ་ཆེན་དུ་བཞུགས་པའི་དུས་གཅིག་ས་སྐྱ་པ་ཆེན་པོ་མངོན་སུམ་དུ་ཕེབས་པ་ལ་རྗེ་འདིས་མོས་གུས་ཚད་མེད་པ་འཁྲུངས་ཏེ། ཏིང་ངེ་འཛིན་གྱི་སྒོ་ནས་ཕྱག་དང་མཆོད་པ་ཕུལ་ནས་ཞབས་དྲུང་དུ་འབྱོན་པར་གསོལ་བ་བཏབ་པས། རྗེ་ས་ཆེན་ཞལ་འཛུམ་པ་ཅིག་མཛད་ནས་ཅི་ཡང་མི་གསུང་བར་རྒྱང་ཇེ་རིང་ཇེ་རིང་ལ་བཞུད་དེ་མཐར་མི་སྣང་བར་གྱུར་ཅེས་ཀྱང་གྲགས་སོ། །ཡང་ལྷག་པའི་ལྷས་ཞལ་གཟིགས་པའི་ཚུལ་ནི། ལྷ་ཁང་བླ་བྲང་དུ་བཞུགས་པའི་སྐབས་ཤིག་མནལ་ལམ་དུ། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བརྐྱང་དུ་བཞུགས་པ་ཤིན་ཏུ་དྭངས་པ་ཅིག་གཟིགས་ནས། དེ་ལ་མོས་གུས་ཆེན་པོར་ཕྱག་འཚལ་ཞིང་ཡོད་པ་ན། དེའི་འཁོར་བུད་མེད་དམར་ཚལ་མ་ཅིག་རྗེ་འདི་ལ་བལྟས་ནས། ཀ་ར་ཀ་ར་ལ་སོགས་པའི་གསང་སྔགས་བཟླ་བ་དང་། ཡང་དེའི་ཁྲོད་ནས་བུད་མེད་གཞོན་ནུ་ལྷའི་གོས་སྣ་ཚོགས་ཀྱིས་བཀླུབས་པ་ཅིག་གིས་གར་སྣ་མི་གཅིག་པ་མཐའ་ཡས་པ་བསྒྱུར་ཞིང་། ཁ་ཅིག་གིས་ཤིན་ཏུ་སྙན་པའི་གདངས་