R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༦ན
[A:༢༠༦ན]ཤིག་ཏུ་བདག་ཉིད་ཆེན་པོ་འདི་ལ་བསྙུང་གཞི་དྲག་པོ་གཅིག་བྱུང་སྟེ་སྐུ་ཁམས་ཅུང་ཟད་མ་བདེ་བ་ན། རྗེ་ཉིད་ཀྱིས་ཐབས་ལམ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་ནས་བཅད་རྒྱ་ཞིག་མཛད་པས་བསྙུང་བ་ལས་གྲོལ་ཞིང་། དེའི་ཕྱི་ལོ་བདག་ཉིད་ཆེན་པོ་འདིའི་དྲུང་དུ་སྤྱན་སྔ་ཀུན་དགའ་རྒྱལ་མཚན་གྱིས་བྱོན་པས། གསུང་གླེང་གི་འཕྲོས་ཤིག་ལ་སྔ་གོང་རྒྱ་ཡུལ་དུ་ཕྱིན་པའི་དུས་རྒྱའི་མི་དཔྱད་མཁན་ཞིག་གིས་ངེད་ལ་བླ་མ་ཁྱེད་རུས་སྦལ་གྱི་རིགས་ཡིན་པས་ལོ་བརྒྱད་ཅུ་ཙམ་ཐུབ་ཟེར་བ་གཅིག་བྱུང་སྟེ། ན་ནིང་ཤི་ན་ཁོ་ལ་ཁ་སྐྱང་ཞིག་ཡོང་བ་འདུག་གསུང་བ་སོགས་ཀྱི་ཞལ་ཀུར་མཛད་པ་ལྟར་དང་། ཁྱད་པར་རྗེ་འདི་བསྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཐོབ། རྩ་རླུང་བྱང་སེམས་ལ་དབང་འབྱོར། ཏིང་ངེ་འཛིན་ཟབ་མོ་གནད་དུ་སོང་བས་སྐུ་ན་ཤིན་ཏུ་བགྲེས་པར་གྱུར་སྐབས་ཀྱང་གཞོན་ཤ་རབ་ཏུ་རྒྱས་ཤིང་། སྐྲ་དཀར་དང་གཉེར་མ་མི་མངའ། གཞན་གང་ལས་ཀྱང་གཟི་མདངས་ཆེ། སྐུ་ལྡང་ཡང་ཞིང་ཕྱག་ཞབས་ལ་སོགས་པ་མཉེན་ཅིང་དྲི་མ་མི་ཆགས་པ་རྡོ་རྗེའི་སྐྱིལ་ཀྲུང་ལ་སོགས་པ་སྐུ་རྣམ་སྣང་གི་ཆོས་བདུན་ལྡན་གྱིས་ཉིན་མཚན་ཁོར་ཡུག་ཏུ་བཞུགས་པ་ལའང་ངལ་དུབ་གཏན་མི་མངའ། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་པ་འཕྲོ་བ་དང་། དེ་བཞིན་དུ་ན་བཟའ་དང་བཞུགས་པའི་གཟིམས་ཁང་ལ་སོགས་པ་ལའང་དྲི་བཟང་ཡུན་རིང་པོའི་བར་དུ་མི་ཡལ་བ་འབྱུང་ཞེས་གྲགས་ཤིང་། གཞན་ཡང་རྗེ་འདི་ལ་རིམས་དང་། དུག་དང་། འབྱུང་བའི་གནོད་པ་ལ་སོགས་པ་རྐྱེན་གློ་བུར་བ་གང་གིས་ཀྱང་མི་ཚུགས་པ་དང་། ཕ་རོལ་གྱིས་བྱས་པའི་བྱད་ཁ་རྦོད་གཏོང་ལ་སོགས་