R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༥བ
[A:༢༠༥བ]སྦྱིན་གཏོང་རྒྱ་ཆེན་པོ་དང་། གཞན་ཡང་གདན་ས་ཆེན་པོའི་རྟེན་གསུམ་རྣམས་ལ་དཀར་མེ། སྙན་དར། རིན་པོ་ཆེ་ལས་གྲུབ་པའི་མཆོད་ཆ་སོགས་མཆོད་པའི་ཁྱད་པར་ཚད་ལས་འདས་པ་ཕུལ་ཞིང་། དེ་ནས་ལོ་དེའི་ཕྱི་ལོ་གདན་ས་ཆེན་པོ་ན་བཞུགས་པའི་བླ་མ། སློབ་དཔོན་ཕྱོགས་ནས་བྱོན་པའི་དགེ་བའི་བཤེས་གཉེན་སོགས་གཞི་བྱེས་ཀྱི་ཚོགས་པ་དཔག་ཏུ་མེད་པ་ལ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པས་ཐོག་དྲངས་ཆོས་ཀྱི་དགའ་སྟོན་མཐའ་ཡས་པ་ཞིག་གསུངས་ཏེ། དེའི་བར་ལ་ལྷའི་མེ་ཏོག་གི་ཆར་ཆེན་པོ་ཉིན་རེ་བཞིན་རྒྱུན་མ་ཆད་པར་བབས་ཞེས་ཀྱང་བཤད་ལ། དེ་ལྟར་སྐུ་ཇི་སྲིད་བཞུགས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བར་མ་ཆད་པར་བསྐོར་བའི་འཕྲིན་ལས་རླབས་པོ་ཆེས་སྨིན་ཅིང་གྲོལ་བའི་སློབ་མའི་ཚོགས་ཀྱང་། རིན་ཆེན་སྒང་པ་བླ་ཆེན་ཀུན་དགའ་རྒྱལ་མཚན། གཞི་ཐོག་པ་བློ་གྲོས་རྒྱལ་མཚན་སྐུ་མཆེད། འབྲི་ཁུང་རིན་པོ་ཆེ། ཐེལ་སྤྱན་སྔ་བ། སྟག་ལུང་ཆོས་རྗེ། ཆོས་རྗེ་རཏྣ་ཀ་ར། འཚལ་པ་རིན་པོ་ཆེ་ལ་སོགས་པ་རིགས་རུས་དང་ཡོན་ཏན་གྱིས་ཆེ་ཞིང་། མཁས་བཙུན་བཟང་གསུམ་དང་ལྡན་པའི་སློབ་མའི་ཚོགས་མང་པོ་ཞིག་དང་། གཞན་ཡང་ཀརྨ་བྱམས་ཆོས་པ། བཀའ་བཞི་པ་སེང་གེ་རྒྱལ་མཚན། རྩེ་ཆེན་ཆོས་རྗེ། སྒོ་མོ་རིན་པོ་ཆེ། རྩིབ་རི་ཇོ་གདན་པ་སོགས་ཉམས་རྟོགས་དང་ལྡན་པ་དུ་མ་ཞིག་དང་། ཆོས་སྡེ་སོ་སོའི་བླ་མ་སློབ་དཔོན། གཞན་ཡང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་ཀུ་ས་ལིའི་བརྟུལ་ཞུགས་ལ་གནས་པ་སོགས་བགྲང་བའི་ཡུལ་ལས་འདས་པ་ལྟ་བུ་ཞིག་བསྐྲུན་པར་མཛད་ནས་ས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་གྱུར་ཏོ། །དེ་ནས་ཡང་སྐབས་