R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༥ན
[A:༢༠༥ན]པའི་ཉེས་པ་ཅན་ཁྲི་ཕྲག་དུ་མ་ཡང་རྒྱལ་པོ་ལ་བཀའ་གནང་ནས་ཁྲིམས་ལས་ཐར་བར་མཛད་དེ། དེའི་སྐབས་སུ་ཡང་དངུལ་གྱི་ཀྱེ་རྡོར་ལྷ་དགུ ཤེར་ཤིང་གི་འཇིགས་བྱེད། གུར་ལྕམ་དྲལ། རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་སོགས་པ་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་ཞིག་དང་། གཞན་ཡང་མཆོད་ཆ། དབུ་ཞྭ། ན་བཟའ་ལ་སོགས་པ་དང་། རིན་པོ་ཆེའི་རིགས་མི་འདྲ་བ་དུ་མ་དང་། གཞན་ཡང་གསེར་སྤྱད། དངུལ་སྤྱད། གོས་དར། གཟིམས་གུར་ཆེ་ཆུང་། ཇ་དཀར་ནག མཛོ་རྟ་དྲེའུ་སོགས་འབྱོར་པའི་ཁྱད་པར་གྲངས་དང་རྩིས་ལས་འདས་པ་ཕུལ་ཞིང་། དེ་ལྟར་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་ཆེན་པོ་དེར་རྒྱལ་བློན་འབངས་དང་བཅས་པ་ཐར་པ་བླ་ན་མེད་པའི་ས་ལ་བཀོད་ནས། དེ་ནས་རྟའི་ལོ་ཕོ་བྲང་ཆེན་པོ་ནས་གདན་བཏེག་སྟེ། ལམ་ལ་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཆོས་དང་ཟང་ཟིང་གིས་ཡིད་ཚིམ་པར་མཛད་ཅིང་རིམ་གྱིས་གངས་ཅན་གྱི་ལྗོངས་ཆོས་འཁོར་ལྷ་ས་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོར་ཆག་ཕེབས་ནས། ཇོ་བོ་ཆེན་པོས་ཐོག་དྲངས་རྟེན་གསུམ་ཁྱད་པར་ཅན་རྣམས་ཀྱི་དྲུང་དུ་གསེར་ཆབ་དང་། སྙན་དར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་སུམ་ཅུ་སོ་བདུན་མའི་བཀོད་པ་ངོ་མཚར་བ་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཞིག་ཕུལ་ཞིང་། རང་གཞན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་འདེབས་པར་མཛད། དེ་ནས་རིམ་གྱིས་གདན་བཏེག་ནས་རྟ་ལོ་ཟླ་བ་བཅུ་གཉིས་པ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། དེར་འདུས་པ་རྒྱ་མཚོའི་ཚོགས་དང་། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཟང་ཟིང་གི་