R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༣བ
[A:༢༠༣བ]སྐྱེ་བོ་རྣམས་ཐར་པ་བླ་ན་མེད་པའི་འབྲས་བུ་ལ་བཀོད་དེ། རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པས་སྙན་གྲགས་ལྷའི་རྔ་བོ་ཆེ་ཕྱོགས་ཀུན་ཏུ་བསྒྲགས་པ་ལ་བརྟེན། བྱང་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གོང་མ་ཏའི་མིང་ཆེན་པོ། ཐུགས་ཀྱི་དད་པ་ཆེན་པོ་མངོན་དུ་ཕྱོགས་པར་གྱུར་ཏེ་གདན་འདྲེན་གྱི་གསེར་ཡིག་པ་ལན་གྲངས་གཉིས་ཀྱི་བར་དུ་བྱུང་བའི་སྟོབས་དང་། ཁྱད་པར་དུ་རྒྱལ་པོ་ཆེན་པོ་དེ་དང་སྔོན་གྱི་སྨོན་ལམ་གྱི་འབྲེལ་པས་དེར་ཕེབས་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་དགོངས་ནས། རྗེ་འདི་དགུང་ལོ་དྲུག་ཅུ་བཞེས་པ་འབྲུག་ལོ་ཟླ་བ་བཞི་པ་ལ་གདན་ས་ཆེན་པོ་ནས་གདན་བཏེག་སྟེ། དེའི་དུས་སུ་གདན་ས་པ་རྣམས་ཀྱི་བསམ་པ་ལ་སྔར་རྒྱལ་པོས་ཏི་ཤྲཱི་མཛད་པ་རྣམས་ཀྱང་འདིར་སླར་ཕེབས་མ་ཐུབ་པར་ཤས་ཆེ་བར་བྱུང་བ་དང་ས་ཐག་རིང་ཞིང་། བདག་ཉིད་ཆེན་པོ་འདི་སྐུ་ནས་ཀྱང་མཐོན་པོར་ཕེབས་པས་སླར་གདན་ས་ཆེན་པོར་ཕེབས་མ་ཐུབ་དོགས་མྱ་ངན་ཆེན་པོ་སྐྱེས་ཏེ། ཁ་ཅིག་གིས་སྨེ་སྔགས་ལ་སོགས་པ་བཏོན་པ་ན། རྗེའི་གསུང་གིས་ངེད་ཁྱེད་རྣམས་གཉིད་མ་སད་པར་སླེབས་ཡོང་། ཁམས་ཤིན་ཏུ་བཟང་བའི་མུ་ནས་ཁྱེད་རྣམས་དང་འཕྲད་པར་འདུག་གི མྱ་ངན་བྱ་མི་དགོས་ཞེས་སོགས་ཀྱི་ཞལ་ཏ་མང་དུ་མཛད། དེ་ནས་ལམ་བར་རྣམས་སུ་ཡང་སྐལ་ལྡན་རྣམས་ལ་ཆོས་སྦྱིན་གནང་བ། དཀོན་མཆོག་ལ་མཆོད་པ་འབུལ་བ། དབུལ་ཕོངས་རྣམས་ལ་ཟང་ཟིང་གི་སྦྱིན་པ་ལ་སོགས་པ་མདོར་ན་ཆོས་དང་མཐུན་པའི་མཛད་འཕྲིན་ཁོ་ནས་བསྟན་འགྲོའི་དོན་མཛད་ཀྱིན་རིམ་པས་