R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༤ན
[A:༢༠༤ན]ཕེབས། སྦྲུལ་ལོ་ཟླ་བ་གཉིས་པའི་ཚེ་ཕོ་བྲང་ཆེན་པོ་རྣམ་ཐང་དུ་ཕེབས། གོང་མ་ཆོས་རྒྱལ་ཆེན་པོ་དང་མཇལ་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད་པས། རྒྱལ་པོ་ཆེན་པོ་དེ་སླར་ཡང་དད་པའི་སྤུ་ལོང་ཆེས་ཆེར་གཡོས་ཏེ་གསང་སྔགས་ཟབ་མོའི་ལམ་གྱི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པ་ན། བདག་ཉིད་ཆེན་པོ་འདིས་ཐོག་མར་དཔལ་དགེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་སྩལ་ཏེ་རྒྱུད་སྨིན་པར་མཛད་ཅིང་། གཞན་ཡང་བསྟན་སྲུང་ནག་པོ་ཆེན་པོའི་རྗེས་གནང་ལ་སོགས་པ་ཟབ་ཆོས་དུ་མས་ཐུགས་ཚིམ་པར་མཛད་དེ། དེ་ནས་གྲུ་གཟིངས་ལ་སོགས་པ་བཀོད་པ་ཁྱད་པར་ཅན་གྱི་ཆུ་འཇམ་ལས་གདན་དྲངས་ཏེ། ཕོ་བྲང་ཆེན་པོ་ཏའི་ཏུ་ཞེས་བྱ་བར་ཕེབས་ནས་དེར་སྐབས་བཞུགས་གནས་ལ་ཧ་ཕིན་སེ་ཞེས་བྱ་བའི་སྡེ་ཆེན་པོ་གསར་དུ་བཞེངས་པར་མཛད་ཅིང་། རྒྱལ་པོ་ཆེན་པོས་སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་དང་ཚུལ་མཚུངས་པར་ཆོས་རྗེ་ཉིད་ལ་གུས་པ་ཆེན་པོའི་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས། མཆོད་གནས་ཐམས་ཅད་ཀྱི་ཕུད་དུ་ཁུར། ཁྱད་པར་སྔར་ས་སྐྱ་པ་བརྒྱུད་པ་ནས་བརྒྱུད་པར་བཅས་པས་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་མཛད་ནས། སེམས་ཅན་མང་པོ་སྨིན་ཅིང་གྲོལ་བར་མཛད་པའི་ལུགས་བཞིན་ཁྱེད་ཀྱིས་མཛད་དགོས་ཟེར་ནས། བདག་ཉིད་ཆེན་པོ་འདི་ལ་ཀུན་མཁྱེན་ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ཆེན་པོའི་སངས་རྒྱས་ཁྱབ་བདག་རྡོ་རྗེ་འཆང་དབང་ལ་