R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༣ན
[A:༢༠༣ན]གནས། སྐྱིད་ཤོད་ཀྱི་ཕ་བོང་ཁ། ཆོས་རྫོང་ལ་སོགས་པ་རྣམས་སུ་ཡང་བླ་མ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ལ་སོགས་པ་དགེ་འདུན་དང་སྐྱེ་བོའི་ཚོགས་བགྲང་བ་ལས་འདས་པ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར་བ་མཛད། དེ་ནས་སླར་གཙང་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་པོ་དང་། ངམ་རིང་དགའ་ལྡན་བྱམས་པའི་གླིང་སོགས་སུ་དམ་པའི་ཆོས་ཀྱི་དགའ་སྟོན་ཟབ་མོ་དང་། ཟང་ཟིང་གི་སྦྱིན་པ་ལ་སོགས་པ་ལུགས་གཉིས་ཀྱི་སྒོ་ནས་སྐྱེ་འགྲོ་རྣམས་ཀྱི་ཡིད་རབ་ཏུ་ཚིམ་པར་མཛད་པའི་ཚུལ་བརྗོད་པར་མི་ནུས་པ་ལྟ་བུ་ཞིག་མཛད་པ་དང་། ཁྱད་པར་གདན་ས་ཆེན་པོར་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་བཞེངས་པ་དང་། དཔལ་འཁོར་ལོ་བདེ་མཆོག དགེས་པ་རྡོ་རྗེ། བཅོམ་ལྡན་འདས་ཀུན་རིག་རྣམས་ཀྱི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བློས་བསླང་སོགས་དང་། གཞན་ཡང་དབུས་སུ་གཤེད་དམར་གྱི་བློས་བསླང་ཁྱད་པར་ཅན་དང་། གོས་དར་སྣ་ཚོགས་པ་ལས་གྲུབ་པའི་ཆོས་སྐྱོང་གི་སྐུ་ངོ་མཚར་བ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་ཏེ། རབ་ཏུ་གནས་པ་རྒྱུད་སྡེ་ནས་ཇི་ལྟར་འབྱུང་བ་བཞིན་མཛད་པ་ན། དེའི་དུས་སུ་མེ་ཏོག་གི་ཆར་ཆེན་པོ་བབ་ཅིང་། གཞན་ཡང་ཕྱག་ནས་གཏོར་བ་རྣམས་ཀྱང་ཕྱག་ཞབས་སོགས་ཀྱིས་ཡུན་རིང་དུ་བཟུང་བ། མཆོད་པའི་དཀར་མེ་ཡུན་རིང་དུ་གསལ་བར་འབར་ཀྱང་དམའ་རུ་མ་སོང་བ་སོགས་ངོ་མཚར་བའི་ལྟས་ཀྱང་བསམ་གྱིས་མི་ཁྱབ་པ་བྱུང་ཞེས་ཀྱང་གྲག་གོ །དེ་ལྟར་གདན་ས་ཆེན་པོས་ཐོག་དྲངས་དབུས་གཙང་གི་སའི་ཆ་ལ་གནས་པའི་