R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༢བ
[A:༢༠༢བ]ལ། མི་ནག་པོ་གཅིག་གིས་རས་ཕྱམ་ལ་གཏུམ་པའི་ཁུར་པོ་གཅིག་ཁུར་བྱུང་ནས། དེ་ཅི་ཡིན་ནམ་སྙམ་དུ་དགོངས་ཙ་ན། མི་རོ་གཅིག་འདུག་པ་གཏོར་མའི་གྲལ་དུ་བཞག་སྟེ་སོང་བ་དང་། དེ་ལ་ཆེད་དུ་གཏད་ནས་གཟིགས་པ་ན་མཐོ་གང་ཙམ་དུ་འགྲོ། ཆེད་གཏད་མ་གཟིགས་པར་རང་གར་བཞག་པ་ན་མི་དང་བོང་མཉམ་པར་འདུག་པ་གཟིགས་པས། དེའི་ཉིན་པར་རྭ་སྒྲེང་གི་ཕུ་ན་འབྲི་ཁུང་པ་ཡིན་པའི་བླ་མ་ཕྱུག་པོ་ཅིག་ཡོད་པ་མཇལ་བ་ལ་བྱུང་ནས། ཕྱག་རྟེན་དུ་རྟེན་ཁེབས་གཅིག་ཕུལ་ནས། གནམ་གཟེར་ལ་ཕན་པའི་གདམས་ངག་ཅིག་གནང་བ་ཞུ་ཞུ་བ་ལ། དེ་དུས་བདག་ཉིད་ཆེན་པོ་འདི་འཕྲལ་ཆས་ཐུང་ངེས་ལས་མེད་པ་དང་། སྒྲུབ་མཆོད་ཀྱི་ཆས་རྐྱེན་མ་འགྲིགས་པར་ཡོད་པས་ཆོས་སྐྱོང་གིས་འཚོ་ཆས་ཀྱི་རྟེན་འབྲེལ་བསྒྲིག་པར་གནང་མོད་ཀྱང་། བདག་ཉིད་ཆེན་པོ་འདིས་དགེ་སྦྱོར་ལ་གནོད་དམ་སྙམ་དུ་དགོངས་ནས་དེ་ལ་གདམས་ངག་དེ་མ་གནང་། དེ་དུས་གདམས་ངག་དེ་བྱས་ན་རང་གཞན་གཉིས་ཀ་ལ་ཕན་པར་འདུག་པས་ཞེས་གསུངས་ཞེས་ཀྱང་གྲགས་ཤིང་། ཡང་དེ་སྐབས་སུ་གཤེད་དམར་གྱི་ལུས་དཀྱིལ་འགོད་ལུགས་ཀུན་ཀྱང་ཐུགས་ཀྱི་ཉམས་སྣང་ལ་གསལ་བར་བྱུང་བ་ཕྱིས་སློབ་དཔོན་དཔལ་འཛིན་གྱི་གཞུང་ལ་གཟིགས་པས་སྔར་ཐུགས་ཀྱི་ཉམས་སྣང་ལ་ཤར་བ་དང་། གཞུང་ནས་བཤད་པ་གཉིས་ཇི་ལྟ་བ་བཞིན་མཐུན་པར་འདུག་པས། ད་ལྟ་འདིའི་བྱིན་རླབས་བྱེད་ཙ་ན་ང་ལ་ངེས་ཤེས་འདྲོངས་པ་གཅིག་ཡོད་པ་ཡིན་གསུངས་ཞེས་པ་ལ་སོགས་པ་གཟིགས་སྣང་ཁྱད་པར་བ་དུ་མ་བྱུང་ཞིང་། དེ་ནས་ཉན་པོ་དགོན་པ། ཞོ་ལུང་མཚོ་ཁ། གྲོ་ས་དགོན་པ། རྒྱ་མ་