R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༢ན
[A:༢༠༢ན]དུ་སྐུ་མཚམས་ལ་དམ་པར་བཞུགས་པའི་བར་སྐབས་སུ་སྒྲུབ་པ་པོ་རིན་ཆེན་སོགས་འཁོར་རྣམས་ན་རེ། དེང་སང་མི་ཉུང་དུས་འདིར་ལྷ་སར་ཇོ་བོ་མཇལ་དུ་ཕེབས་པ་དྲག་ཞུས་པ་ན། བདག་ཉིད་ཆེན་པོ་འདི་རང་ཐུགས་དམ་དགེ་སྦྱོར་ཤིན་ཏུ་འཕེལ་བ་ཡོད་པས་དེ་ཀར་བཞུགས་འདོད་པ་ཞིག་ཡོད་ཀྱང་། སྐུ་འཁོར་རྣམས་ཀྱིས་ཞུ་ནན་ཆེ་བར་བརྟེན་ལྷ་སར་ཕེབས་པར་ཆས་པའི་དུས་བུད་མེད་མཛེས་མ་ཅིག་བྱུང་ནས། ཕྱག་འཚལ་ཞིང་བླ་མ་ཁྱེད་གནས་འདིར་ཅིས་ཀྱང་བཞུགས་པར་ཞུ་འབུལ་ཞིང་། ཕེབས་ལམ་དུ་ཞུགས་ནས་ཀྱང་ཞུ་འབུལ་བཤོལ་འདེབས་ཡང་ཡང་བྱས་ནས། བཤོལ་མ་ཐེབས་པ་དང་ཨའུ་ཙི་ཨའུ་ཙི་ཟེར་ནས་མགོ་གུག་པ་ཅིག་བྱས་ནས་སོང་བ་བདག་ཉིད་ཆེན་པོས་གཟིགས་པ་ལྟར། སྒྲུབ་པ་པོ་རྒྱ་མཚོ་བྱ་བས་ཀྱང་མཐོང་བར་གྲགས་ཤིང་། དེའི་དུས་སུ་བདག་ཉིད་ཆེན་པོ་འདི་ལ་མཛོ་མོ་གསུམ་ཡོད་པའི་བཟང་ཤོས་དེ་རྦབ་ཏུ་ཤོར་ནས་ཤི་སྟེ། དེ་ཉིད་གཞི་བདག་མ་དེ་བདག་ཉིད་ཆེན་པོ་འདི་དེར་མ་བཞུགས་པ་ལ་མ་དགའ་བའི་ལྟས་སུ་འདུག་ཅེས་བདག་ཉིད་ཆེན་པོ་རང་ཉིད་གསུངས་སོ་ཞེས་ཀྱང་བཤད་དོ། །དེ་ནས་ལྷ་སར་ཕེབས་ཏེ་ཇོ་བོའི་དྲུང་དུ་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ། དེ་རྗེས་བསྟན་འཛིན་སྐྱེས་བུ་དུ་མས་བསྟེན་པའི་གནས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཆག་ཕེབས་ནས་དེར་ཟླ་བ་ལྔ་ཙམ་གྱི་བར་དུ་ཐུགས་དམ་གྱི་རིམ་པ་ལ་གཙོ་བོར་བཞུགས་ཤིང་། དེ་ཉིད་དུ་འདུས་པའི་གདུལ་བྱ་རྣམས་ལ་དབང་ཁྲིད་སོགས་དམ་པའི་ཆོས་ཟབ་མོ་དུ་མའི་བཀའ་དྲིན་སྩལ་ཏེ། དེ་དུས་ཆོས་སྐྱོང་གི་བསྙེན་པ་མཛད་པའི་ཚེ་ཐུགས་ཀྱི་ཉམས་སྣང་