R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༡བ
[A:༢༠༡བ]བཅས་ཐུན་དུ་བཅད། །ཀུན་གྱི་རྩ་བ་ཞེན་ལོག་ཡིན། །མཐུན་འཇུག་ཐམས་ཅད་སྤང་འཚལ་ལོ། །ཞེས་གསུངས་པ་ལྟར་ཕྱག་ལེན་ལ་ཁེལ་བ་མཛད་ཅེས་གྲགས་སོ། །དེ་ནས་ཡང་གནས་མཆོག་རྣམས་སུ་སྒྲུབ་པ་ལ་ཕེབས་ཏེ་ངོ་མཚར་བའི་ལྟས་ཇི་ལྟར་བྱུང་བའི་ཚུལ་ནི། ལན་ཅིག་གི་ཚེ་ཁ་རག་ཐོད་བུར་སྒྲུབ་པ་ལ་ཕེབས་ཏེ། དེར་ཕེབས་སུ་ཉེ་བ་ན་ས་ཕྱོགས་དེའི་བར་སྣང་ལ་རྒྱན་དུ་མས་བརྒྱན་པའི་བུད་མེད་ཀྱི་རྟ་པ་གསུམ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་མངོན་སུམ་དུ་གཟིགས་ཏེ། ཁ་རག་ཁྱུང་བཙུན་མ་མོ་དགའ་ནས་བསུ་བ་བྱེད་པ་ཡིན་འདུག་ཅེས་གསུངས་ཤིང་། དེའི་རྗེས་ཐོགས་ལ་སྐྱེས་པ་གཅིག་གིས་ཞོ་རྫ་གཅིག་ཁྱེར། བུ་མོ་སྐྲན་ཁྱེར་མ་གཅིག་ཁྱེར་ནས་བྱིན་རླབས་ཞུ་བ་ཡིན་ཟེར་བ་ཞིག་བྱུང་བ་ལ། དེ་གཞི་བདག་གི་ཆོ་འཕྲུལ་ཡིན་པར་དགོངས་ནས་འབུལ་བ་བླང་བྱིན་རླབས་མཛད་པས། དེ་འཕྲལ་ལ་མོའི་ན་ཟུག་ཞི་ཞིང་། དེ་ནས་དེར་བཞུགས་ས་དམ་པ་ཕུག་བྱ་བ་རྗེ་དམ་པ་སངས་རྒྱས་ཀྱི་བཞུགས་གནས་ཡིན་པ་གཅིག་ཡོད་པ་དེར་མཛད་པས། རེ་ཞིག་ན་སྔགས་པ་བག་དྲོན་སྐྲ་དཔུང་པ་གཉིས་སུ་ཉི་ལེ་བ་བྱས་པ་གཅིག་དངོས་སུ་བྱུང་ནས། བདག་ཉིད་ཆེན་པོ་ལ། ཁྱོད་འདིར་ཅི་ལ་ཡོང་ཟེར་བ་ལ། བླ་མ་འདིས་ངེད་གནས་བསྐོར་དུ་འོང་གསུངས་པས། ཡང་དེ་ན་རེ། གནས་བསྐོར་ནས་ཅི་བྱེད་ཟེར་བ་དང་། བདག་ཉིད་ཆེན་པོས་གནས་བསྐོར་ནས་རིག་པའི་རྩལ་སྦྱངས་པ་ཡིན་གསུངས་པས། སྔགས་པ་དེ་འཛུམ་དམུལ་བྱས་ཕྱག་ཅིག་བཙལ་ནས་གར་སོང་ཆ་མེད་ལ་སོང་བ་ཞིག་བྱུང་སྟེ། དེ་ཡང་གཞི་བདག་གི་ཆོ་འཕྲུལ་དུ་འདུག་ཅེས་གསུང་བར་བཤད་ལ། དེ་ནས་ཁ་རག་ཏུ་ཟླ་བ་ལྔའི་བར་