R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༩ན
[A:༡༩༩ན]སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་གདམས་པ་ཟབ་མོ་མང་པོ་ཞིག་གསན་ནས་ཐུགས་སུ་ཚུད་པར་མཛད་དེ། དེ་ལྟར་བླ་མ་དམ་པ་རྣམས་ལས་ཐུགས་བཞེད་ཀྱི་ཆོས་རྣམས་གསན་ཅིང་སྒྲོ་འདོགས་ཆོད་པར་མཛད་ནས། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལས་མ་གཡོས་བཞིན་དུ་དཔལ་དགེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་བཤད་བཀའ་ལ་སོགས་པ་རྒྱུད་ཀྱི་བཤད་བཀའ་དུ་མ་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ལ་སོགས་པ་ཁྲིད་བཀའ་དུ་མ་དང་། གཞན་ཡང་ལུང་རྗེས་གནང་བྱིན་རླབས། དབང་བསྐུར་བ་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་ཚད་མེད་པས་འོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་ཅིང་། ཁྱད་པར་རྩོམ་པ་ནོར་བུའི་ཕྲེང་བས་དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ཀྱི་བསམ་པ་ཚིམ་པར་མཛད་པའི་ཚུལ་ནི། དཔལ་དགེས་པ་རྡོ་རྗེའི་རྩ་རྒྱུད་ཀྱི་ཊཱི་ཀ་དག་ལྡན་སྙེ་མ་དང་། དེའི་དཀའ་འགྲེལ་སྙེ་མ། སྤྲོས་མེད་རྡོ་རྗེའི་ཚིག་གི་རྣམ་བཤད་སོགས་རྣམ་བཤད་ཀྱི་ཚོགས་མང་པོ་དང་། དུས་འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས། ཐུགས་དཀྱིལ། ལྷན་སྐྱེས་རྣམས་ཀྱི་མངོན་རྟོགས། འཁོར་ལོ་སྡོམ་ཆེན། གསང་འདུས་མི་བསྐྱོད་པ། གསང་འདུས་འཇམ་རྡོར། ཀྱེ་རྡོར་ནས་གླིང་མ། ཀྱེ་རྡོར་རྒྱུད་ལུགས། བདེ་མཆོག་ལཱུ་ཧི་པ། གཤིན་རྗེ་གཤེད། དགྲ་ནག གདོང་དྲུག གཤེད་དམར། ཨ་ར་པ་ཙ་ན་ལྷ་ལྔ་རྣམས་ཀྱི་མངོན་རྟོགས་ལ་སོགས་པ། སྒྲུབ་ཐབས་དང་དཀྱིལ་ཆོག་གི་ཚོགས་མང་པོ་ཞིག་དང་། དམར་ཁྲིད་ཀྱི་ཁྲིད་ཡིག བསམ་མི་ཁྱབ་ཀྱི་ཁྲིད་ཡིད་སོགས་