R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༩བ
[A:༡༩༩བ]ཁྲིད་ཡིག་གི་ཚོགས་དུ་མ་དང་། གཞན་ཡང་ཡི་དམ་ཆོས་སྐྱོང་གི་གཏོར་ཆོག བླ་མ་བརྒྱུད་པའི་གསོལ་འདེབས། དཀའ་བའི་གནད་ཀྱི་དྲིས་ལན། སློབ་མ་ལ་སྤྲིངས་ཡིག་དང་། གདམས་པའི་སྐོར་ལ་སོགས་པ་ཚིག་བརྗོད་བདེ་ཞིང་ཀུན་གྱི་རྣ་བར་སྙན་པ། དོན་ཡིད་ལ་འབབ་ཅིང་བཀའ་མདོ་རྒྱུད་ཀྱི་དགོངས་པ་དང་འབྲེལ་བའི་གསུང་རབ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ཅིང་། ཡང་ཚུལ་ཁྲིམས་ཀྱི་བསླབ་པའི་སྒོ་ནས་ཀྱང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དེ། བདག་ཉིད་ཆེན་པོ་འདིའི་དྲུང་དུ་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་ནོད་པ་ཡང་སྟོང་ཕྲག་བརྒལ་ཞིང་། དེ་རྣམས་ལས་བརྒྱུད་པའི་རབ་ཏུ་བྱུང་བ་མང་པོས་ཕྱོགས་ཐམས་ཅད་ཀུན་ཏུ་ཁྱབ་པ་དང་། ཡུལ་ཕྱོགས་སོ་སོའི་སྐྱེ་བོའི་ཚོགས་ཁྲི་ཕྲག་མང་པོ་ལ་རྗེ་བཙུན་ས་སྐྱ་པའི་བཀའ་སྲོལ་བཞིན་ཐེག་པ་ཆེན་པོ་དབུ་མ་པའི་ལུགས་ཀྱི་སེམས་བསྐྱེད་ཕོག་ནས་འཁོར་བ་མཐའ་ཅན་དུ་མཛད་པ་སོགས་སྨོས་ཀྱིས་མི་ལང་བ་སྟེ་མདོར་ན་ཕ་རོལ་དུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་ཞིག་གོ །དེ་ལྟར་གཞན་དོན་རྒྱ་ཆེན་པོ་ཞིག་མཛད་ནས། དེ་ནས་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མར་འདྲིས་པའི་དོན་ལ་བརྩོན་པས་བསྒོམ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་དང་། མདོ་ལས་ཀྱང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་གསུངས་པའི་དོན་ཕྱག་ལེན་ལ་བཏབ་སྟེ། མངའ་