R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༨བ
[A:༡༩༨བ]ལོ་ཙཱ་བ་བསོད་ནམས་རྩེ་མོ་ལ་སྩལ་བའི་གསང་བ་འདུས་པ་འགོས་ལུགས་སུ་གྲགས་པའི་ཆོས་སྐོར་རྣམས་དང་། ཡང་གྲུབ་ཆེན་ཏི་ལོ་པ་ནས་ནཱ་རོ་པ་དང་མར་པ་ལ་ལེགས་པར་བརྒྱུད་པའི་གསང་འདུས་མར་ལུགས་སུ་གྲགས་པ་དང་། ཡང་འགོས་ལོ་ནས་རྔོག་པ་རྣམས་ལ་བརྒྱུད་པའི་གསང་འདུས་རྔོག་ལུགས་ལ་སོགས་པ་འགོས་རྔོག་མར་གསུམ་དུ་གྲགས་པ་རྣམས་དང་། གཞན་ཡང་བདག་ཉིད་ཆེན་པོ་ས་པཎ་ལ་ཁ་ཆེ་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ཞེས་བྱ་བ་ཉིད་ཀྱིས་ལེགས་པར་སྩལ་བའི་གསང་བ་འདུས་པའི་དབང་བསྐུར་བ་གསར་མར་གྲགས་པ་ལ་སོགས་པ་མདོར་ན་གསང་བ་འདུས་པའི་ཆོས་སྐོར་བོད་དུ་ཡོད་དོ་ཅོག་མ་ལུས་པ་དང་། གཞན་ཡང་རྭ་ལུགས། ས་ལུགས། འབྲོ་ལུགས། སྐྱོ་ལུགས་ལ་སོགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་མ་ལུས་པ་དང་། དགྲ་ནག གདོང་དྲུག གཤེད་དམར་ཏེ་དགྲ་གདོང་འཇིགས་གསུམ་དང་། དམར་ནག་འཇིགས་གསུམ་དུ་གྲགས་པའི་ཕ་རྒྱུད་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་རྣམས་དང་། ཡང་རྒྱ་ཆེ་བ་གཉིས་མེད་ཀྱི་རྒྱུད་ལ་བརྟེན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་། ཁྲིད་ལུང་མན་ངག་ལ་སོགས་པ་མདོར་ན་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་ནས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཕལ་མོ་ཆེ་དང་། གཞན་ཡང་ཀུན་རིགས་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་པ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དང་། དེ་དག་གི་རྒྱབ་བརྟེན་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ལ་སོགས་པ་རྒྱུད་དང་རྒྱ་གཞུང་བོད་གཞུང་ལ་སོགས་པ་མདོར་ན་ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་དང་། བྱ་རྒྱུད་སྤྱོད་རྒྱུད་